རྒྱ་གར་གྱི་རྡུལ་མཚོན་རྒྱ་ནག་ལ་ཕྱོགས་བཞིན་པ།-གདོང་ཐུག་དང་གྲ་སྒྲིག

0
7917
རྒྱ་གར་གྱི་མེ་འབར་ལྔ་པའི་ཚོད་ལྟ། #Agni-5 Test Fired Dec 26 2016

རྒྱ་གར། ལྡི་ལི་གསར་པ། སྤྱི་ལོ་2017ཟླ་7ཚེས་13ཉིན། ད་ལྟ་ཆུ་ཚོད་གཅིག་ཙམ་གྱི་སྔོན་དུ་རྒྱ་གར་གྱི་དུས་བབ་(Times of India)ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྡུལ་མཚོན་ཞིབ་འཇུག་ཆེད་ལས་མཁས་པ་གཉིས་ཀྱིས་ཞིབ་འཇུག་རྩོམ་ཡིག་ཅིག་སྤེལ་བའི་ནང་དུ། ད་སྐབས་རྒྱ་གར་གྱི་རྡུལ་མཚོན་རྣམས་རྒྱ་ནག་གི་ཕྱོགས་སུ་ཁ་ཕྱོགས་བསྐོར་བཞིན་ཡོད་པའི་གནས་ཚུལ་བརྗོད། སྤྱིར་དེ་སྔོན་རྒྱ་གར་གྱི་རྡུལ་མཚོན་རྣམས་ལུགས་སྲོལ་ལྟར་པག་ཀི་སི་ཐན་གྱི་ཕྱོགས་སུ་ཁ་བསྐོར་ནས་བཞག་ཡོད་མོད། ད་སྐབས་འཆར་གཞི་དེ་ཉིད་ལ་འགྱུར་བ་འགྲོ་གིན་རྒྱ་གར་གྱི་རྡུལ་མཚོན་རྣམས་རྒྱ་ནག་གི་ཕྱོགས་སུ་ཁ་ཕྱོགས་སྐོར་བཞིན་མཆིས་པར་བརྗོད།

ཨ་རིའི་ཆེད་ལས་མཁས་པ་དེ་གཉིས་ཀྱི་ཆེད་རྩོམ་དེའི་ནང་དུ་བཀོད་གསལ། ད་སྐབས་རྒྱ་གར་རྡུལ་མཚོན་དམག་དོན་ལྷན་ཁང་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ། རྒྱ་ནག་ཁྱོན་ཡོངས་ལ་སྙོབ་ཐུབ་པའི་རྡུལ་མཚོན་ལས་གཞི་སྒྲུབ་བཞིན་པར་བརྗོད། ཚོད་རྩིས་ལྟར་ན་རྒྱ་གར་གྱིས་སྔར་ནས་རྡུལ་རྫས་པུ་ལུ་ཊོ་ནི་ཡམ་plutoniumལས་གྲུབ་པའི་རྡུལ་མཚོན་སྤྱི་རྒྱ་600kgལྷག་བཟོ་སྐྲུན་བྱས་ཟིན། དེ་ལྟར་ན་ད་སྐབས་རྒྱ་གར་གྱིས་མེ་ཤུགས་འཕུར་མདའ་150-200ལྷག་རྡུལ་མཚོན་འཕུར་མདར་སྒྱུར་ཐུབ་ཀྱི་ཡོད་ལ། འཕུར་མདའ་དེ་དག་ལ་རྡུལ་མཚོན་བླུག་སྟེ་དམག་ཞབས་སུ་འཇོག་པར་གྲ་སྒྲིག་ཡིན་སྐོར་གླེང་བཞིན་འདུག འོན་ཀྱང་། སྐབས་དོན་ཆེད་ལས་མཁས་པས་བརྗོད་དོན། “རྒྱ་གར་གྱིས་རྡུལ་རྫས་དེ་དག་ཐམས་ཅད་རྡུལ་ཕྲན་མཚོན་ཆར་བསྒྱུར་འཆར་མེད ཚོད་དཔག་བྱས་ན་རྡུལ་མཚོན་120-130བར་བཟོས་ཡོད་བཟོ་འདུག”ཅེས་བརྗོད།

མེ་འབར་ལྔ་པས་འཛམ་གླིང་ཕྱེད་ལ་སྙོབ་ནུས་པར་གྲགས་བཞིན་ཡོད་པའི་དཔེ་རིས། #Agni-5 can hit half of the world.

ཆེད་ལས་མཁས་པ་དེ་གཉིས་ཀྱིས་བརྗོད་གསལ། “དེ་སྔོན་རྒྱ་གར་གྱིས་རྡུལ་མཚོན་རྣམས་པག་ཀི་སི་ཐན་གྱི་ཐོག་ཏུ་ཁ་བསྐོར་ནས་བཞག་ཡོད། དེ་ནི་རྒྱ་གར་གྱིས་མ་འོངས་པའི་ལོ་ཟླའི་ནང་རྒྱ་ནག་དང་འབྲེལ་འདྲིས་ཇེ་ཟབ་ཡོང་རྒྱུ་དང་། ཕྱོགས་གཉིས་ཀྱི་འབྲེལ་བར་དོ་ཕོག་མི་ཡོང་བའི་དོན་དུ་རེད། འདས་པའི་རྒྱ་གར་རང་ཉིད་ཀྱི་ཚོད་རྩིས་དེས་འབྱུང་འགྱུར་གྱི་ལོ་ངོ་བཅུ་ཕྲག་རྗེས་མ་དེའི་ནང་པག་ཀི་སི་ཐན་གྱི་ཐོག་ཏུ་བཟུང་བའི་རྡུལ་མཚོན་འགྲེམས་འཇོག་གི་འཆར་འགོད་ལ་ཤུགས་རྐྱེན་ཐེབས་ངེས་རེད།”ཅེས་བརྗོད།

ད་ལྟའི་ཆར་རྒྱ་གར་གྱིས་རྡུལ་མཚོན་ཚན་རྩལ་ལས་གཞི་གསར་པའི་ཐད་མདུན་སྐྱོད་མ་བྱས་པར་ལུས་པའི་སྟོང་ཆ་མེད་པར་གླེང་ཞིང་། ལྡི་ལི་གསར་པའི་གཞུང་གིས་ད་སྐབས་རྡུལ་མཚོན་མ་ལག་ཁག་བདུན་ལག་ཏུ་བཟུང་ནས་གྲ་སྒྲིག་ངང་སྡོད་མུས་ཡིན་པར་བརྗོད། དེ་ཡང་མཁའ་དམག་རྡུལ་མཚོན་འཕེན་བྱེད་ཀྱི་གནམ་གྲུ་གཉིས་དང་། ས་ཐོག་ནས་རྡུལ་མཚོན་འཕེན་བྱེད་ཀྱི་གཞི་རྟེན་ཁག་བཞི། མཚོ་ཐོག་རྡུལ་མཚོན་འཕེན་བྱེད་གྲུ་ཆེན་གཅིག་བཅས་གྲ་སྒྲིག་ངང་གནས་ཡོད་པར་བརྗོད། ད་དུང་། ཉུང་མཐར་དེ་དག་འདྲ་བའི་རྡུལ་མཚོན་མ་ལག་ཁག་བཞི་གྲ་སྒྲིག་བྱེད་བཞིན་པར་གླེང་།

རྒྱ་ནག་ཤི་ཨན་དུ་རྒྱ་དཀར་ནག་གཉིས་ས་མཚམས་ཀྱི་རྩོད་གཞིའི་ཐད་འཚོགས་པའི་ཚོགས་འདུའི་སྐབས། #Summit level talks in progress between the leaders of India and China in Xi’an,June 21, 2016

ད་ཡོད་རྒྱ་གར་གྱིས་རྡུལ་མཚོན་འཕུར་མདའ་འབྲིང་གྲས་མེ་འབར་གཉིས་པ་(Agni-2)ཁོ་ནས་སྤྱི་ལེ་2000kmལྷག་སྙོབ་ཀྱི་ཡོད། དེ་ལྟར་ན་འཕུར་མདའ་དེ་ཁོ་ནས་རྒྱ་ནག་ནུབ་ཁུལ་དང་། དབུས་ཁུལ། ལྷོ་ཁུལ་བཅས་སུ་སྙོབ་ནུས་པར་བརྗོད། དེ་བཞིན་རྒྱ་གར་གྱི་རྡུལ་མཚོན་འཕུར་མདའ་མེ་འབར་བཞི་པ་(Agni-4)རྒྱ་གར་བྱང་ཤར་ཁུལ་ནས་འཕེན་ཚེ། རྒྱ་ནག་ཁྱོན་ཡོངས་མ་ཟིན་ཙམ་གཏོར་རྒོལ་གཏོང་ནུས་ལྡན་ཟེར། དེའི་ནང་དུ་རྒྱ་ནག་གི་རྒྱལ་ས་པེ་ཅིན། རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་དང་རྒྱལ་སྤྱིའི་ཚོང་གི་ལྟེ་གནས་སུ་གྲགས་པ་ཧྲང་ཧེ་གྲོང་ཁྱེར་ཡང་ཚུད་ཀྱི་ཡོད་འདུག ད་དུང་རྒྱ་གར་གྱིས་མུ་མཐུད་ནུས་ཁུངས་རིམ་པ་གསུམ་ལྡན་གྱི་མེ་འབར་ལྔ་པ་(Agni-5)བཟོ་སྐྲུན་བྱེད་བཞིན་ཡོད་པར་བརྗོད།

ཉེ་བའི་ཆར་རྒྱ་དཀར་ནག་གཉིས་ཀྱི་བར་དུ་འབྲས་ལྗོངས་སྣ་ཐོད་ལའི་རྒྱ་གར་གྱི་ས་ཁོངས་སུ་རྒྱ་གར་གྱི་དམག་མི་འགྲེམས་འཇོག་བྱས་པའི་རྩོད་གཞི་ནས་འགོ་བཙུགས་ཏེ། ཉིན་ལྟར་ཕྱོགས་གཉིས་ཀྱི་བར་དུ་ཤོད་རེས་ཐུག་ཅིང་། འབྲེལ་ཡོད་ཆབ་སྲིད་གནད་དོན་ཡོད་པའི་ས་ཁོངས་དུ་མ་ཞིག་གི་ཐད་ཕན་ཚུན་འཇིགས་སྐུལ་བྱ་རེས་ཀྱང་བྱས་ཡོད། དེ་བཞིན་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པས་ནན་བརྗོད་བྱས་དོན། “འཇར་མ་ནིར་འཚོགས་པའི་རྒྱལ་སྤྱིའི་དངུལ་ཁང་དང་དཔལ་འབྱོར་ཚོགས་ཆེན་G20ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་བསྐྱོད་ཡོད། འོན་ཀྱང་། རྒྱ་གར་གྱི་སྲིད་བློན་མོ་རྡི་དང་ཟུར་དུ་ཐུག་འཕྲད་གང་ཡང་བྱས་མེད།”ཅེས་ཡང་ནས་བསྐྱར་དུ་ནན་བརྗོད་བྱས་ཡོད། དེ་མཚུངས་སྐབས་དེར་དངོས་སུ་ཕྱོགས་གཉིས་ཀྱི་དབུ་ཁྲིད་ཚོགས་ར་དུ་མར་ལྷན་འཛོམས་བྱུང་མོད་རྒྱལ་ཁབ་གཞན་གྱི་དབུ་ཁྲིད་ལྟར་ཟུར་དུ་མཇལ་འཛོམས་བྱུང་མེད་པའི་གནས་ཚུལ་ཐོན།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།