རྒྱ་གར་གྱི་ཆུ་འཛུལ་དམག་གྲུ་གསར་པ། གཏུམ་ཉ་ནག་པོའི་ཟིལ་ཤུགས། ཐད་སྤེལ།

0
1576
ཉེ་ཆར་གཏུམ་ཉ་ནག་པོ་ཚོད་ལྟ་བྱེད་བཞིན་སྐབས་ཀྱི་འདྲ་པར།#During INS Kalvari test in Arabian sea.

རྒྱ་གར། མོམ་བྷེ། སྤྱི་ལོ་2017ཟླ་12ཚེས་14ཉིན། ད་ལྟ་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་གྲགས་ཅན་NDTVསོགས་གསར་ཁང་ཕལ་མོ་ཆེས་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། དེ་རིང་རྒྱ་གར་གྱི་དཔལ་འབྱོར་རྒྱལ་ས་མོམ་བྷེ་(Mumbai)གྲོང་ཁྱེར་དུ་སྲིད་བློན་མོ་རྡིའི་(Narendra Modi)བཀའ་བཀོད་འོག་རྒྱ་གར་གྱི་ས་ཁོངས་རང་ནས་བཟོ་སྐྲུན་བྱས་པའི་ཆུ་འཛུལ་དམག་གྲུ་གཉིས་པ་དེ་བཞིན་དམག་ཞབས་སུ་མངགས་པའི་གནས་ཚུལ་ཐོན་བཞིན་འདུག ཆུ་འཛུལ་དམག་གྲུ་དེའི་མིང་ལ་(INS Kalvari)གཏུམ་ཉ་ནག་པོ་ཞེས་བརྗོད་ཅིང་། འདས་པའི་ཉིན་གྲངས་120རིང་རྒྱ་མཚོའི་གཏིང་ན་ཚོད་ལྟ་སྣ་ཚོགས་བྱས་ཏེ་མཐར་དེ་རིང་རྒྱ་གར་གྱི་མཚོ་དམག་ཚན་པས་སྤོབས་པ་ཆེན་པོས་དངོས་སུ་དམག་ཞབས་སུ་མངགས་ཡོད།

ཆུ་འཛུལ་དམག་གྲུ་དེ་ཉིད་ཀྱི་ནུས་ཤུགས་ཐོན་ཁུངས་ནི་རྡུལ་ཕྲན་གློག་འདོན་སྤྱོད་ཀྱི་མེད་པར་རྡོ་སྣུམ་གློག་ནུས་(diesel-electric)ཀྱི་འཕྲུལ་འཁོར་སྤྱད་ཡོད་པས། མཚོ་འོག་ནས་དགྲ་ཕྱོགས་ཀྱི་རྟོག་ཞིབ་དྲ་བའི་ནང་དུ་ཧ་ཅང་ཚུད་དཀའ་བའི་ཁྱད་ཆོས་ལྡན་ཡོད་པར་བརྗོད། སྤྱིའི་ཆ་ནས་སྤྱི་ལོ་1999ལོའི་རྒྱ་གར་དང་པག་ཀི་སི་ཐན་(Pakistan/巴基斯坦)གྱི་དམག་འཁྲུག་ནས་བཟུང་རྒྱ་གར་གྱིས་གོ་མཚོན་ནང་འདྲེན་བྱེད་ཤུགས་ཀྱིས་འཛམ་གླིང་ནང་ཨང་རིམ་དང་པོར་སོན་པར་བྱས་ཡོད། དེའི་ཕྱིར་ད་ལྟའི་སྲིད་བློན་མོ་རྡི་ཁྲིར་འཁོད་པ་ནས་བཟུང་དམག་དོན་ཐད་དམ་བཅའ་ཆེན་པོ་ཞིག་བཞག་ཡོད་པ་ནི། ད་ནས་བཟུང་རྒྱ་གར་གྱིས་མཚོན་ཆ་ནང་འདྲེན་བྱེད་ཤུགས་ཆུང་དུ་བཏང་སྟེ། ཚན་རྩལ་སྔོན་ཐོན་ཅན་གྱི་གོ་མཚོན་དེ་དག་རྒྱ་གར་གྱི་ས་ཐོག་རང་ནས་བཟོ་སྐྲུན་བྱ་རྒྱུའི་ཕྱོགས་སུ་ཁ་ཕྱོགས་ཡོད་པ་རེད།

གཏུམ་ཉ་ནག་པོ་མཚོ་དམག་ཏུ་མངགས་རྒྱུའི་མཛད་སྒོའི་དབུ་འབྱེད་སྐུ་མགྲོན་གཙོ་བོར་རྒྱ་གར་གྱི་སྲིད་བློན་མོ་རྡི་ཕེབས་ཡོད་འདུག#PM Narendra Modi dedicates scorpene-class submarine INS Kalvari to the nation.

དེ་ལྟར་འདི་ལོའི་སྤྱི་ཟླ་1ནང་རྒྱ་གར་གྱི་ས་ཐོག་རང་ནས་བཟོས་པའི་ཆུ་འཛུལ་དམག་གྲུ་ཐོག་མ་(INS Khanderi)དེ་ཉིད་མཚོ་ཐོག་དམག་ཞབས་སུ་མངགས་ཤིང་། དེ་རིང་གཏུམ་ཉ་ནག་པོ་དངོས་སུ་དམག་ཞབས་སུ་མངགས་པ། ད་དུང་། ད་ལྟའི་ཆར་ཆུ་འཛུལ་དམག་གྲུ་གཞན་ཞིག་ཀྱང་བཟོ་སྐྲུན་བྱེད་བཞིན་ཡོད་པ་དང་། གང་མགྱོགས་དམག་ཞབས་སུ་མངགས་གཏོང་བྱ་འཆར་ཡོད་པའི་གནས་ཚུལ་བརྗོད། རྒྱ་གར་གྱི་ཆུ་འཛུལ་དམག་གྲུ་དེ་དག་ནི་རྒྱ་གར་མོམ་བྷེ་གྲོང་ཁྱེར་ནང་དུ་ཡོད་པའི་རྒྱ་གར་མཚོ་དམག་གོ་མཚོན་བཟོ་སྐྲུན་ལས་ཁང་(Mazagon Dock Limited)དང་ཧྥ་རན་སིའི་མཚོ་དམག་བདེ་སྲུང་གོ་མཚོན་འཆར་འགོད་ལྷན་ཁང་(DCNS)གཉིས་ཀྱིས་ལྷན་དུ་བཟོས་པ་ཞིག་ཆགས་ཀྱི་ཡོད།

རྒྱ་གར་གྱིས་དེ་རིང་མངགས་གཏོང་བྱས་པའི་གཏུམ་ཉ་ནག་པོ་དེ་ཉིད་ཀྱི་རིང་ཚད་ལ་མི་ཊར་67.5(meter)ཡོད་པ་དང་། མཐོ་ཚད་ལ་མི་ཊར་12.3(meter)ཡོད་འདུག ད་དུང་། ལྗིད་ཚད་ལ་ཏུན་1600(Tonne)ཡོད་པར་གསལ། ཆུ་འཛུལ་དམག་གྲུ་དེའི་དམིགས་བསལ་ཁྱད་ཆོས་ཁག་ནི་མཚོ་འོག་ཏུ་དཀར་ཆ་མེད་སར་དགྲ་ཕྱོགས་ཀྱི་ཆུ་འཛུལ་དམག་གྲུ་སོགས་མཐོང་ནུས་ལྡན་པ་དང་། ཆུ་འཛུལ་དམག་གྲུ་གཏོར་བྱེད་ཀྱི་དམག་གྲུ་དང་གོ་མཚོན་རྣམས་ལ་ཁ་གཏད་གཅོག་ཐུབ་པ། ཕར་རྒོལ་བྱེད་སྐབས་གནད་ལ་ཁེལ་ཞིང་མྱུར་ཚད་མཐོ་བ། སོ་མྱུལ་བྱེད་སྐབས་གསང་ཡིབ་བྱ་རྒྱུའི་ཁྱད་ཆོས་ལེགས་པ། མཚོ་ཐོག་གི་དམག་གྲུ་གཏོར་རྒྱུའི་ནུས་པ་རླབས་ཆེན་ལྡན་པ་སོགས་ཡོད་པར་བརྗོད།

གཏུམ་ཉ་ནག་པོ་དངོས་སུ་དམག་ཞབས་སུ་མངགས་རྒྱུའི་མཛད་སྒོའི་རྣམ་པ།#Prime Minister Narendra Modi has commissioned scorpene-class submarine INS Kalvari into the Indian Navy in Mumbai today.

འདས་པའི་རྒྱ་གར་གྱི་མཚོ་དམག་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ་གཏུམ་ནག་པོ་དེ་ཉིད་ཆེས་ཐོག་མར་སྤྱི་ལོ་1967ཟླ་12ནང་དམག་ཞབས་སུ་ཞུགས་ཡོད་པ་དང་། མཐར་ལོ་ངོ་བཅུ་ཕྲག་གསུམ་ཙམ་དམག་ཞབས་བསྒྲུབས་རྗེས་སྤྱི་ལོ་1996ཟླ་3ནང་དམག་ཞབས་ནས་ཕྱིར་འཐེན་བྱས་ཡོད། དེ་རྗེས་སྤྱི་ལོ་2006ལོར་རྒྱ་གར་མཚོ་དམག་ཚན་ཁག་གིས་མིང་དེ་ཉིད་ཀྱི་འོག་ནས་ཚན་རྩལ་སྔོན་ཐོན་ཅན་དུ་བསྒྱུར་བའི་གཏུམ་ཉ་ནག་པོ་གསར་པ་འདི་བཞིན་བཟོ་སྐྲུན་བྱེད་འགོ་ཚུགས་ཤིང་། མི་ལོ་11རྗེས་དེ་རིང་དངོས་སུ་རྒྱ་གར་གྱི་མཚོ་ཐོག་ཏུ་དམག་ཞབས་སུ་མངགས་ཏེ་གཟི་བརྗིད་ངོམ་པར་བྱས་ཡོད།

འོན་ཀྱང་། ཕྱོགས་གཞན་ནས་ད་སྐབས་རྒྱ་གར་གྱི་ཆུ་འཛུལ་དམག་གྲུའི་ཐད་ནས་བརྗོད་ན་རྒྱ་ནག་གི་རྗེས་ཆོད་པར་དུས་ཡུན་ངེས་ཅན་ཞིག་འགོར་ངེས་པ་དངོས་ཡོད་དུ་གྱུར་བ་ནི། ད་ལྟ་རྒྱ་གར་གྱི་དམག་ཞབས་སུ་ཁྱོན་ཆུ་འཛུལ་དམག་གྲུ་15ལས་མེད་པ་དང་། རྒྱ་ནག་གི་དམག་ཞབས་སུ་ཁྱོན་ཆུ་འཛུལ་དམག་གྲུ་68ཡོད་པ་ཡོངས་ཁྱབ་རེད། ད་དུང་། འདི་ལོའི་སྤྱི་ཟླ་4ནང་རྒྱ་ནག་བྱང་ཤར་བྷོ་ཧེ་མཚོ་ཁུལ་དུ་(Bohai渤海)འཛམ་གླིང་ནང་གི་ཆུ་འཛུལ་དམག་གྲུའི་བཟོ་གྲྭ་ཆེ་ཤོས་དེ་ཉིད་བརྒྱབས་ཡོད་ཅིང་། བཟོ་གྲྭའི་དེའི་འོག་ནས་གང་མགྱོགས་ཆུ་འཛུལ་དམག་གྲུ་དུ་མ་ཞིག་བཟོ་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པར་བརྗོད། དེ་ཡང་བཟོ་གྲྭ་དེའི་ཁྱད་ཆོས་ནི་མཁའ་དབྱིངས་ཀྱི་སྲུང་སྐར་ལྐོག་ལྟ་འགོག་ནུས་ལྡན་པ་དང་། གནམ་གཤིས་འགྱུར་ལྡོག་གི་ཁྱད་པར་མེད་པར་མྱུར་ཚད་མཐོ་བའི་ངང་ཆུ་འཛུལ་དམག་གྲུ་བཟོ་སྐྲུན་བྱེད་ཆོག་པར་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།