རྐང་དྲིའི་དོན་དུ་བཙོན་འཇུག ལྡི་ལི་ནས་རྡ་སའི་བར་གྱི་སྤྱི་སྤྱོད་རླངས་འཁོར།

0
2616
ཚབ་མཚོན་པར་རིས།#Representative photo

རྒྱ་གར། རྡ་ས། སྤྱི་ལོ་2017ཟླ་12ཚེས་2ཉིན། མདང་དགོང་རྒྱ་གར་གྱི་གསར་ཁང་ཆེ་གྲས་ཧིན་རྡུ་སི་ཐན་དུས་བབ་(Hindustan Times)ཐོག་གནས་ཚུལ་སྤེལ་གསལ། ཉིན་ཤས་སྔོན་རྒྱ་གར་བྱང་ཁུལ་མངའ་སྡེ་ཧི་མ་ཅལ་(Himachal Pradesh)གྱི་དབྱར་དུས་རྒྱལ་ས་རྡ་རམ་ས་ལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འགྲིམ་འགྲུལ་བྱེད་བཞིན་པའི་སྐྱེས་པ་ཞིག་སྤྱི་སྤྱོད་རླངས་འཁོར་ནང་རྐང་དྲི་ཁ་བའི་དོན་རྐྱེན་འོག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག སྐྱེས་པ་དེ་ནི་ནང་པའི་གནས་མཆོག་རྡོར་གདན་ཆགས་ཡུལ་རྒྱ་གར་ཤར་ཁུལ་མངའ་སྡེ་བྷི་ཧར་(Bihar)ནས་ཡིན་འདུག་ཅིང་། རང་ལོ་27ཡིན་པ་དང་། མིང་ལ་པར་ཀ་ཤི་ཀུ་མར་(Prakash Kumar)ཞེས་འབོད་ཀྱི་འདུག

དོན་རྐྱེན་དེ་ཉིད་བྱུང་རིམ་ནི་ཟླ་སྔོན་མའི་ཚེས་27དགོང་མོ་པར་ཀ་ཤི་ཀུ་མར་རྡ་ས་ནས་ལྡི་ལིར་སྤྱི་སྤྱོད་རླངས་འཁོར་ལེགས་གྲས་སྒེ་ཁུང་ཕྱེ་རྒྱུ་མེད་པ་(Volvo Bus)ཞིག་གི་ནང་དུ་འགྲིམ་འགྲུལ་བྱེད་བཞིན་ཡོད་པ་དང་། མཚན་དཀྱིལ་དུ་ཁོ་པས་ལྷམ་ཕུད་པས་རླངས་འཁོར་ནང་རྐང་དྲིས་ཁེངས་ཡོད་པའི་གནས་ཚུལ་ཐོན་འདུག རིམ་པས་ཉེ་འགྲམ་གྱི་འགྲུལ་པ་གཞན་གྱིས་ཁོ་པར་རྐང་དྲི་ཅན་གྱི་རྐང་ཤུབ་དེ་ཉིད་འཕུད་རྒྱུའི་རེ་སྐུལ་བྱས་མོད་ཁོ་པས་ཉན་འཇོག་མ་བྱས་པར་ཁོང་ཚོར་ཕྱིར་ཁ་རྩོད་རྒྱག་འགོ་བཙུགས་ཡོད་པར་བརྗོད།

རྡ་ས་མེག་གྷན་གྱི་སྤྱོ་སྤྱོད་རླངས་འཁོར་འབབ་ཚུགས།#Mcloed Ganj Bus Stand, Dharamsala, Himachal Pradesh.

མཐར་འགྲུལ་པ་གཞན་གྱིས་ཁོ་པར་རྐང་དྲི་ཅན་གྱི་རྐང་ཤུབས་དེ་ཉིད་ཕྱིར་གཡུག་དགོས་པའམ། ཡང་ན་རང་ཉིད་ཀྱི་ཁུག་མའི་ནང་དུ་ལྡུག་རྒྱུའི་རེ་སྐུལ་བྱས་ཡོད་འདུག འོན་ཀྱང་། ཁོ་པས་སུ་གང་ལའང་ཉན་འཇོག་མ་བྱས་པས་འགྲུལ་པ་གཞན་དང་ཁོ་པའི་བར་དུ་ཚིག་རྩོད་ཤུགས་ཆེན་བྱུང་འདུག ད་དུང་། སྤྱི་སྤྱོད་རླངས་འཁོར་ཁ་ལོ་བས་ལམ་བར་དུ་རླངས་འཁོར་ཐེངས་གཉིས་བཀག་སྟེ་ཁོ་པར་རྐང་ཤུབ་དེ་ཉིད་ཕྱིར་གཡུག་རྒྱུའི་རེ་སྐུལ་བྱས་ཏེ། འགྲུལ་པ་ནང་ཁུལ་གྱི་ཁ་རྩོད་མཚམས་འཇོག་བྱ་རྒྱུའི་བར་འདུམ་བྱ་ཐབས་བྱས་འདུག

མཐར་འགྲུལ་པ་གཞན་གྱིས་སྤྱི་སྤྱོད་རླངས་འཁོར་བཙན་གྱིས་བཀག་སྟེ་ལམ་བར་གྱི་ཨུ་ན་རྫོང་(Una district)ཁུལ་གྱི་ཉེན་རྟོག་པར་ཞུ་གཏུགས་བྱས་ཡོད་པ་དང་། དེ་ཁུལ་ཉེན་རྟོག་ཁང་ནས་རང་ལོ་27ལ་སོན་པའི་པར་ཀ་ཤི་ཀུ་མར་རྒྱ་གར་གྱི་ཉེས་ཁྲིམས་ནང་གསེས་ཨང་(107/51-CrPC)འོག་འཛིན་བཟུང་བྱས་ཡོད་པ་རེད་འདུག དེ་བཞིན་ཉེན་རྟོག་པས་གྱོད་གཞི་དེ་ཉིད་མི་མང་ལ་བསུན་བཙེར་བཟོས་པའི་གནད་དོན་འོག་ཐོ་འགོད་བྱས་ཡོད་པར་གསལ།

ཁ་བས་བཀླུབས་པའི་རྡ་ས་མེག་གྷན།#Snow Covered Mcloed Ganj, Dharamsala.

རྗེས་སུ་ཨུ་ན་རྫོང་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་བཀའ་བཀོད་འོག་པར་ཀ་ཤི་ཀུ་མར་གློད་བཀྲོལ་བཏང་འདུག འོན་ཀྱང་། ཁོ་པ་གློད་བཀྲོལ་ཟིན་རྗེས་ཁོ་པས་བསྐྱར་དུ་ཉེན་རྟོག་ཁང་དུ་འུར་ཟིང་ཆེན་པོ་བསླངས་ཏེ། འགྲུལ་པ་གཞན་དག་རྣམས་ཉེན་རྟོག་པར་གྱོད་གཏུགས་བྱས་ཏེ་ཁོང་ཚོས་ཁོ་པར་དོན་མེད་ཀྱི་རྩོད་རྙོག་བསླངས་ཚུལ་བརྗོད་ཡོད་པ་རེད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།