རོ་ནལ་ཊོ་ཁྲིམས་རར་ཐུག་འདུག-ཡོ་སྒོར་ས་ཡ་14.7ཁྲལ་གཡོལ།

0
2216
པོར་ཆུ་གྷལ་ནས་ཡིན་པའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་པ་གྲགས་ཅན་རོ་ནལ་ཊོ། #Cristinao Ronaldo,Portuguese professional footballer.

སེ་པཱན། མ་ཊེ་རི་ཌི། སྤྱི་ལོ་2017ཟླ་7ཚེས་29ཉིན། ད་ལྟ་ཆུ་ཚོད་གཅིག་གི་སྔོན་དུ་རྒྱ་གར་གྱི་གསར་ཁང་ཆེ་གྲས་ཉིན་རེའི་གསར་འགྱུར་དང་དཔྱད་ཞིབ་གསར་ཁང་(DNA)གིས་གནས་ཚུལ་སྤེལ་གསལ། ལྷོ་ཡོ་རོབ་ཁུལ་དུ་ཡོད་པའི་རྒྱལ་ཁབ་པོར་ཆུ་གྷལ་(Portugal/葡萄牙)ནས་ཡིན་པའི། འཛམ་གླིང་རྐང་རྩེད་སྤོ་ལོའི་ཕུལ་བྱུང་རྩེད་འགྲན་པ་རོ་ནལ་ཊོ་(Cristiano Ronaldo)ད་སྐབས་ཁྲལ་གཡོལ་གྱོད་དོན་ཐད་ཁྲིམས་རར་ཐུག་པའི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་དཔལ་འབྱོར་དུས་དེབ་གྲགས་ཅན་ཧྥོ་རོབ་སི་(Forbes)ཡི་ཐོ་གཞུང་ལྟར་ན། རྐང་སྤོལ་རྩེད་འགྲན་པ་དེ་ཉིད་ད་ལོ་རང་ལོ་32ཡིན་པ་དང་། འཛམ་གླིང་ནང་གི་ལུས་རྩལ་པ་གླ་ཕོགས་ཆེས་མཐོ་ཤོས་དེ་ཉིད་ཆགས་ཀྱི་ཡོད་པར་བརྗོད། དེ་བཞིན་ད་ལན་ཁོ་པས་གཞུང་ཁྲལ་ཡོ་སྒོར་ས་ཡ་14.7ལྷག་གཡོལ་བའི་ཉེས་དོན་འོག  བདུན་ཕྲག་རྗེས་མའི་རེས་གཟའ་ཟླ་བའི་ཉིན་སེ་པན་གྱི་གྲོང་ཁྱེར་(Pozuelo de Alarcon)དུ་ཡོད་པའི་ཁྲིམས་རར་འབོད་ཡོད་འདུག དེ་ཉིན་ཁྲིམས་རའི་ཐོག་ནས་ཁོ་པར་གྱོད་དོན་དེ་ཉིད་ཐད་འདྲི་རྩད་བྱ་རྒྱུ་ཡིན་སྐོར་བརྗོད་བཞིན་འདུག

ན་ནིང་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་ཨར་ཇིན་ཊི་ནའི་(Argentina/阿根廷)རྩེད་འགྲན་པ་གྲགས་ཅན་མེ་སི་(Lionel Messi)ཡིས་གཅིག་མཚུངས་སུ་ཁྲལ་གཡོལ་ཕོན་ཆེན་གྱི་ནག་ཉེས་བསགས་ཡོད་པའི་གནས་ཚུལ་ཐོན་པ་བཞིན། འདི་ལོར་རོ་ནལ་ཊོ་ཡིས་མེ་སི་ཡི་རྗེས་སུ་འབྲངས་པ་རེད་ཅེས་གསར་ལམ་ཁག་ནས་བརྗོད་བཞིན་འདུག རོ་ནལ་ཊོའི་ཁ་གཏད་གཞུང་ཕྱོགས་ཁྲིམས་རྩོད་པས་བརྗོད་དོན། “ཁོ་པས་སྤྱི་ལོ་2010ལོར་གསར་དུ་བཙུགས་པའི་ཚོང་ཚོགས་ཀྱི་ཁེ་ཕན་སྤྱད་དེ། སེ་པཱན་ནང་དུ་རང་ཉིད་ཀྱི་ཡོང་འབབ་ངོ་མ་ཇི་བྱུང་སྦས་སྐུང་བྱེད་ཀྱི་ཡོད།”ཅེས་བརྗོད་འདུག

སྐྱོན་འཛུགས་དང་ཞིབ་བཤེར་བྱ་མིས་རོ་ནལ་ཊོའི་གནད་དོན་ཇེ་གསལ་དུ་བཏང་དོན་ལྟར་ན། “རོ་ནལ་ཊོས་སེ་པཱན་གཞུང་ལ་སྤྱི་ལོ་2011ནས་2014བར་རང་ཉིད་ཀྱི་ཡོང་འབབ་ཡོ་སྒོར་ས་ཡ་11.5མ་གཏོགས་མེད་ཅེས་བརྗོད་ཡོད། འོན་ཀྱང་། ཁོ་པས་དོན་ངོ་མར་ཡོ་སྒོར་ས་ཡ་43མ་ཟིན་ཙམ་གསོག་སྒྲུབ་བྱས་ཡོད།”ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།