ཡུ་ཀྲུབ་མེ་མདའི་དོན་རྐྱེན། སྲིད་དབང་སྒེར་འཛིན་དང་དཀར་ཟས་ལས་འགུལ་བ།

0
1832
མེ་མདའི་དོན་རྐྱེན་བཟོ་མཁན་བུད་མེད་ན་སིམ་ཨཱག་རྡམ།#She proudly called herself a “female vegan bodybuilder, also animal rights activist.”

ཨ་རི། ཁ་ལི་ཧྥོར་ནི་ཡ། སྤྱི་ལོ་2018ཟླ་4ཚེས་4ཉིན། ད་ལྟ་སྐར་མ་15སྔོན་དུ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་བྷི་བྷི་སི་BBCལ་སོགས་པས་ཡུ་ཀྲུབ་(YouTube)ལས་ཁུངས་ཀྱི་མེ་མདའི་དོན་རྐྱེན་ཐད་གནས་ཚུལ་ཞིབ་ཕྲ་སྤེལ་གསལ། ཆུ་ཚོད་10ཙམ་སྔོན་དུ་ཨ་རིའི་ནུབ་ཁུལ་མངའ་སྡེ་ཁ་ལི་ཧྥོར་ནི་ཡའི་(California)ནང་ཡོད་བརྙན་འཕྲིན་དྲ་གནས་ཆེན་པོ་ཡུ་ཀྲུབ་ཀྱི་ལྟེ་གནས་ལས་ཁུངས་སུ་མེ་མདའི་དོན་རྐྱེན་བྱུང་བའི་གནས་ཚུལ་ཐོན་ཡོད། དོན་རྐྱེན་དེ་ཉིད་བྱུང་ནས་ཆུ་ཚོད་གཅིག་ཙམ་ནང་ཚུན་མེ་མདའ་རྒྱག་མཁན་རྩད་གཅོད་ཐུབ་ཅིང་། བུད་མེད་དེའི་མིང་ལ་ན་སིམ་ཨཱག་རྡམ་(Nasim Aghdam)དང་རང་ལོ་39ཡིན་པ་རེད་འདུག བྷི་བྷི་སི་གསར་ཁང་གིས་འགྲེལ་བརྗོད་བྱས་དོན་ལྟར་ན།“བུད་མེད་དེས་ལས་མི་རྣམས་གུང་ཚིགས་ལ་རོལ་བཞིན་པའི་སྐབས་མི་ཚོགས་ཀྱི་དབུས་སུ་མེ་མདའ་རྒྱག་འགོ་བཙུགས་འདུག སྟབས་ལེགས་པར་ཁོ་མོའི་མེ་མདའ་དེ་ཉིད་ཐུང་མདའ་ཆུང་གྲས་ཡིན་པས་གནོད་འཚེ་ཚབས་ཆེན་བཟོ་ཐུབ་མེད་པ་རེད།”ཅེས་བརྗོད།

དོན་རྐྱེན་དེའི་འོག་ཁྱོན་མི་གྲངས་3ལ་མེ་མདའ་ཕོག་འདུག་པ་དང་། མཐར་མེ་མདའ་རྒྱག་མཁན་གྱི་བུད་མེད་དེ་ཉིད་རང་ཤི་བརྒྱབས་ཡོད་པའི་གནས་ཚུལ་ཐོན་ཡོད། བྷི་བྷི་སི་གསར་ཁང་ལ་སོགས་པས་བརྗོད་དོན་ལྟར་ན་ད་ལྟའི་ཆར་བུད་མེད་དེ་ཉིད་ཀྱིས་མེ་མདའི་དོན་རྐྱེན་དེ་ཉིད་བསླངས་དོན་ཅི་ཡིན་གྱི་ཀུན་སློང་སོགས་ལ་འབྲེལ་ཡོད་ཉེན་རྟོག་ལྷན་ཁང་གིས་བརྟག་དཔྱད་བྱེད་བཞིན་ཡོད་སྐོར་གླེང་།

དོན་རྐྱེན་བྱུང་སྐབས་གནས་ཡུལ་དངོས་ཀྱི་པར་རིས།#The victims were two women, ages 32 and 27, and 36-year-old man. They were recovering at San Francisco General Hospital early Wednesday.

འོན་ཀྱང་། ནེའུ་ཡོག་དུས་བབ་ཐོག་ཏུ་ཁོ་མོས་མེ་མདའི་དོན་རྐྱེན་དེ་ཉིད་མ་བསླངས་གོང་དུ་དྲ་ཐོག་ཏུ་བཤད་པའི་སྐད་ཆ་འགའ་ཤས་ཤིག་ལུང་འདྲེན་བྱས་དོན།“གཟབ་ནན་བྱོས། དབང་ཆ་སྒེར་འཛིན་པ་རྒྱལ་ཁབ་ཀུན་ལ་ཡོད་པ་རེད། རྣམ་པ་མི་འདྲ་བ་ཙམ་རེད། ཁོང་ཚོས་རང་ཉིད་ཀྱི་གནས་སྐབས་ཀྱི་ཁེ་ཕན་ཙམ་ལ་བསམ་བློ་གཏོང་གི་རེད། ཁོང་ཚོས་རང་ཉིད་ཀྱི་ལྟ་རྒྱ་ཐུང་བའི་དམིགས་ཡུལ་དེ་དག་བསྒྲུབ་ཆེད་བསམ་པ་གཙང་བའི་མི་དམངས་རྣམས་ལ་མགོ་སྐོར་གཏོང་དགོས་ཀྱང་གྲ་སྒྲིག་རེད། མ་ཟད། དོན་དངོས་སྦས་གསང་བྱེད་པ་དང་། ཚན་རིག་ལག་རྩལ་བེད་སྤྱོད་ལོག་པ་གཏོང་བ་སོགས་ལས་ངན་ཚང་མ་བྱེད་ཀྱི་རེད།”ཅེས་བརྗོད་འདུག

ཁོ་མོས་མུ་མཐུད་བརྗོད་དོན།“ངས་ཡུ་ཀྲུབ་བརྒྱུད་ནས་སྤེལ་བའི་བརྙན་ཐུང་དེ་དག་གི་ཡོང་འབབ་ནི་བརྙན་ཐུང་གཞན་དག་ལ་འདྲ་མཉམ་མིན་ཞིང་། ངའི་བརྙན་ཐུང་རྐང་གཅིག་ལ་ལྟ་མཁན་300,00བརྒལ་ཡང་བརྡ་ཁྱབ་ཀྱི་ཡོང་འབབ་ཨ་སྒོར་སྐར་10ལས་སྤྲོད་ཀྱི་མི་འདུག ཡུ་ཀྲུབ་ཀྱིས་ཡུ་ཀྲུབ་དྲ་གནས་སུ་བརྙན་ཐུང་སྤེལ་མཁན་ཡོད་ཚད་དབྱེ་ཞིབ་བྱས་ཏེ་ཁོང་ཚོའི་ལས་སྟངས་དང་ལྟ་བ་མཐུན་པ་རྣམས་ཀྱི་དྲ་གནས་གོང་འཕེལ་གཏོང་བ་དང་། ཁོང་ཚོའི་སྣང་བར་མ་ཕྱིན་ན་གོང་འཕེལ་གཏོང་རྒྱུར་བཀག་འགོག་བྱེད་བཞིན་པ་གསལ་པོ་རེད།“ཅེས་བརྗོད་འདུག

དོན་རྐྱེན་བྱུང་ཡུལ་ཡུ་ཀྲུབ་ལྟེ་གནས་ལས་ཁུངས།#A woman shot and wounded three people at YouTube’s headquarters in Northern California before killing herself, police say.

ཁོ་མོས་མུ་མཐུད་ཤེས་ཡོན་གྱི་རིན་ཐང་ཐད་ནས་བརྗོད་དོན།“ཁོང་ཚོས་ཁྱེད་རང་ཁོང་ཚོའི་བྲན་གཡོག་བཟོ་འདོད་ཡོད་པ་རེད། དེ་བཞིན་ཁྱེད་ཀྱིས་དོན་དངོས་དང་ཐོད་བརྒལ་གྱི་བསམ་བློ་གཏོང་རྒྱུར་བཀག་འགོག་བྱ་གི་ཡོད། མདོར་བསྡུས་ན་ཁྱེད་ཀྱི་ཤེས་བྱ་ནི་ཁོང་ཚོའི་དགྲ་བོར་གྱུར་ཞིང་། ཁྱེད་རང་ཁོང་ཚོས་བཟོས་པའི་ཤོག་སྒམ་དེ་ཉིད་ལས་ཕྱིར་ཐོན་དུ་འཇུག་འཆར་མེད་པ་རེད།”ཅེས་བརྗོད་འདུག 

འདི་ག་བོད་ཀྱི་དེ་ཕོ་གསར་ཁང་ནས་གནས་ཚུལ་ཞིབ་ཕྲ་རྟོགས་ཞིབ་བྱས་པ་བརྒྱུད། དོན་དངོས་ཐོག་ཁོ་མོ་དཀར་ཟས་གོང་འཕེལ་གཏོང་ཐབས་བྱ་མཁན་གྱི་ལས་འགུལ་བ་ཞིག་ཡིན་པ་དང་། ཁོ་མོས་ཞབས་བྲོ་སོགས་སྒྱུ་རྩལ་གྱི་རྣམ་པ་འདྲ་མིན་སྤྱད་དེ་གཞན་ལ་དཀར་ཟས་བརྟེན་རྒྱུར་སློབ་གསོ་གཏོང་ཐབས་བྱ་མཁན་ཞིག་ཡིན་པ་རེད་འདུག ཁོ་མོས་རྒྱུན་དུ་ཁོ་མོ་ནི་དཀར་ཟས་བརྟེན་མཁན་གྱི་བུད་མེད་རྩལ་སྦྱོང་བ་ཞིག་ཡིན་སྐོར་བརྗོད་པ་དང་། དུད་འགྲོའི་ཐོབ་ཐང་རྩོད་ལེན་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག ཁོ་མོས་སྐབས་རེ་བ་ཕྱུགས་ཀྱི་འབག་གྱོན་པ་དང་སྐབས་རེ་བྱ་དེ་སོགས་ཁྲོམ་རར་བྲིན་རྒྱུགས་ཆེ་བའི་དུད་འགྲོ་དེ་རིགས་ལ་བྱམས་བརྩེ་དགོས་རབས་སྐོར་བརྙན་པར་བརྒྱུད་ནས་གསལ་སྟོན་བྱེད་བཞིན་ཡོད་འདུག

ཁོ་མོའི་ཡུ་ཀྲུབ་དྲ་གནས་ཀྱི་ཡོང་འབབ། ཁོ་མོའི་བརྙན་ཐུང་ལྟ་གྲངས་ལ་གཞིགས་ན་ཁོ་མོའི་ཡོང་འབབ་སྐར་10དེ་ནི་དྲང་བདེན་མིན་པ་དངོས་ཡོད་དུ་གྱུར་ཡོད་པར་གསལ། ཁོ་མོའི་དྲ་གནས་ཡོངས་སུ་དོན་རྐྱེན་རྗེས་ནས་བསུབས་ཟིན་འདུག#She wrote; “They only care for personal and short-term profits and do anything to reach their goals even by fooling simple-minded people, hiding the truth, manipulating science and everything.”

ད་ལྟའི་ཆར་ཁོ་མོའི་སྤྱི་ཚོགས་དྲ་གནས་ཡོད་ཚད་སྒོ་བརྒྱབས་ཟིན་འདུག་པ་དང་། ཡུ་ཀྲུབ་ཀྱི་དྲ་གནས་སུ་ཡོད་པའི་ཁོ་མོའི་ཁ་བྱང་ཡང་རྩ་བ་ནས་བསུབས་ཟིན་ཡོད་པ་རེད་འདུག གང་ལྟར་ད་ལྟ་འདི་ག་གསར་ཁང་ནས་ཁོ་མོ་དང་འབྲེལ་ཡོད་སྤྱི་ཚོགས་དྲ་གནས་བརྒྱུད་གནས་ཚུལ་རྒྱུས་ལོན་བྱ་འདོད་ཡོད་ཀྱང་དྲ་གནས་ཡོད་ཚད་ནས་ཁོ་མོ་གཙང་སེལ་བྱས་ཟིན་པའི་དོན་དངོས་ཀྱི་གནས་ཚུལ་ཐོན་བཞིན་འདུག ཁོ་མོའི་སེམས་ནད་དངོས་ནི་དུད་འགྲོ་ཐོབ་ཐང་རྩོད་ལེན་པར་ཡུ་ཀྲུབ་ཀྱིས་འདྲ་མཉམ་གྱི་ལྟ་སྟངས་མ་བཟུང་བ་དང་། ཁོ་མོའི་དྲ་གནས་ཆེད་དུ་གོང་འཕེལ་གཏོང་རྒྱུར་བཀག་འགོག་ཕོག་ཡོད་སྐོར་བརྗོད་བཞིན་འདུག ཁོ་མོའི་སྐད་ཆ་གཙོ་བོ་ཞིག་ནི་དུད་འགྲོའི་རང་དབང་དང་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་གཅིག་མཚུངས་ཡིན་ཞེས་བརྗོད་མྱོང་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།