འཛམ་གླིང་ནང་གི་འཕྲིན་ཐུང་(SMS)ཐོག་མ་བསྐུར་ནས་ལོ་ངོ་25འཁོར་བ།

0
782
སྤྱི་ལོ་1992ཟླ་12ཚེས་3ཉིན་ཧྥ་རན་སིར་རྟེན་གཞི་བྱས་པའི་སེ་མཱ་ཆ་འཕྲིན་ཚད་ཡོད་ཚོང་ཚོགས་ཀྱི་མཉེན་ཆས་བཟོ་སྐྲུན་པ་སྐུ་ཞབས་པཱབ་ཝོར་རྡི་ལགས་ཀྱིས་ལོ་རྒྱུས་ཐོག་གི་ཆེས་ཐོག་མའི་འཕྲིན་ཐུང་དེ་ཉིད་བསྐུར་ཡོད།#On Dec. 3, 1992, Sema Group software architect Neil Papworth typed "Merry Christmas" on a computer and sent it to the Orbitel 901 handset owned by then-Vodafone director Richard Jarvis.

ཧྥ་རན་སི། པེ་རེ་སི། སྤྱི་ལོ་2017ཟླ་12ཚེས་4ཉིན། ད་ལྟ་ཆུ་ཚོད་འགའི་སྔོན་དུ་ཨ་རིའི་དཔལ་འབྱོར་རྒྱལ་ས་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཆ་འཕྲིན་ཚན་རྩལ་དུས་བབ་(Tech Times)གསར་ཁང་གིས་གནས་ཚུལ་སྤེལ་གསལ་བཞིན། འཛམ་གླིང་གི་ཆ་འཕྲིན་ཚན་རྩལ་ཡར་རྒྱས་གོང་འཕེལ་རླབས་ཆེན་འགྲོ་བཞིན་པ་དང་ལྷན། རང་རེའི་འགྲོ་བ་མིའི་སྤྱི་ཚོགས་ལའང་འགྱུར་ལྡོག་ཤུགས་ཆེན་འབྱུང་གིན་ཡོད། དེ་ཡང་སྔར་བང་ཆེན་ཚོས་ལ་ལུང་བརྒྱུད་ནས་ལག་བྲིས་འཕྲིན་ཡིག་བསྐྱལ་བར་འགྲོ་གི་ཡོད། འོན་ཀྱང་། རིམ་པས་གློག་ཀླད་ཐོན་ཏེ་གློག་ཀླད་ཕན་ཚུན་བར་གློག་འཕྲིན་བསྐུར་རྒྱུ་དར་རྒྱས་བྱུང་བ་དང་། ཕྱིས་སུ་ལོ་རབས་དགུ་བཅུ་པའི་ནང་ལག་ཐོག་ཁ་པར་ཐོན་འགོ་ཚུགས་རྗེས་འཕྲིན་ཐུང་དར་ཁྱབ་འགྲོ་འགོ་ཚུགས་ཡོད།

ཡར་རྒྱས་དགུང་ལ་རེག་བཞིན་པའི་དེང་སྐབས་ཀྱང་ང་ཚོའི་སྤྱི་ཚོགས་ནང་ངེས་པར་མཁོ་བའི་ཚོང་ལས་ཞབས་ཞུ་ཁག་གིས་འཕྲིན་ཐུང་བརྒྱུད་ང་ཚོའི་ཉིན་རེའི་འཚོ་བ་དང་འབྲེལ་ཡོད་གནད་དོན་དུ་མ་ཞིག་གི་ཞབས་ཞུ་སྒྲུབ་བཞིན་ཡོད། དཔེར་ན། ཁྱེད་ཀྱི་དངུལ་ཁང་དང་འབྲེལ་ཡོད་གསལ་བརྡ། འགྲིམ་འགྲུལ་སྐབས་ཀྱི་འཛིན་བྱང་། གློག་རིན་དང་ཆུ་རིན། གཞུང་འབྲེལ་གལ་ཆེའི་གསལ་བརྡ་སོགས་འཕྲིན་ཐུང་བརྒྱུད་ཁྱེད་ལ་འབྱོར་བཞིན་ཡོད། ད་དུང་། ནང་མི་དང་གྲོགས་གྲོགས་མོ། དེ་བཞིན་ལས་རོགས་ཕན་ཚུན་སོགས་ལས་བྲེལ་སྐབས་ཁ་པར་ཐོག་ཐད་ཀར་སྐད་ཆ་ཤོད་དབང་མེད་ཚེ་འཕྲིན་ཐུང་སྐུར་རེས་བྱེད་བཞིན་ཡོད།

ལོ་རྒྱུས་ཁྲོད་ཀྱི་འཕྲིན་ཐུང་ཆེས་ཐོག་མར་སྐུར་མཁན་སྐུ་ཞབས་པཱབ་ཝོར་རྡི་ལགས།#Neil Papworth is a software architect, designer and developer. He is known as the sender of the first SMS.

དེ་ལྟར་འདས་པའི་དུས་ཚོད་ནང་འཕྲིན་ཐུང་གིས་ང་ཚོའི་སྤྱི་ཚོགས་སུ་ལེགས་སྐྱེས་རླབས་ཆེན་ཕུལ་ཟིན་པ་དངོས་ཡོད་ཆགས་ཀྱི་ཡོད། དེས་ན་ང་ཚོས་ཕྱིར་མིག་ཅིག་བལྟས་ཚེ་འཛམ་གླིང་གི་ཁ་པར་ལོ་རྒྱུས་ཁྲོད་འཕྲིན་ཐུང་བྱུང་ནས་དུས་ཡུན་ཇི་ཙམ་འདས་ཟིན་མིན་དེ་རེད། དེ་ནི་སྤྱི་ལོ་1992ཟླ་12ཚེས་3ཉིན་ཧྥ་རན་སིར་རྟེན་གཞི་བྱས་པའི་སེ་མཱ་ཆ་འཕྲིན་ཚད་ཡོད་ཚོང་ཚོགས་(Sema Group)ཀྱི་མཉེན་ཆས་བཟོ་སྐྲུན་པ་སྐུ་ཞབས་པཱབ་ཝོར་རྡི་(Neil Papworth)ལགས་ཀྱིས་ལོ་རྒྱུས་ཐོག་གི་ཆེས་ཐོག་མའི་འཕྲིན་ཐུང་དེ་ཉིད་བསྐུར་ཡོད་པ་རེད་འདུག

ཁོང་གིས་བསྐུར་བའི་ལོ་རྒྱུས་ཁྲོད་ཀྱི་འཕྲིན་ཐུང་ཐོག་མ་དེ་ཉིད་ནི་“སྟོན་པ་ཡེ་ཤུའི་འཁྲུངས་སྐར་སྤྲོ་བར་ཤོག་”(Merry Christmas)ཟེར་བ་དེ་རེད་འདུག འཕྲིན་ཐུང་དེ་ཉིད་བསྐུར་ཡུལ་ནི་ཡོ་རོབ་ཀྱི་ཁ་པར་དྲ་འཕྲིན་ཚོང་ཚོགས་ཆེན་པོ་ཝོ་ཊ་ཧྥོན་(Vodafone)གྱི་འགན་འཛིན་སྐུ་ཞབས་རི་ཆར་ཊི་(Richard Jarvis)ལགས་རེད། ཕྱིས་སུ་སྐུ་ཞབས་པཱབ་ཝོར་རྡི་ལགས་ཀྱིས་བརྗོད་དོན།“སྐབས་དེར་ཁོང་ཚོས་དངོས་གནས་འཕྲིན་ཐུང་དེ་ཉིད་འབྱུང་འགྱུར་སྤྱི་ཚོགས་ཀྱི་ཆ་ཤས་ཧ་ཅང་ཆེན་པོ་ཞིག་ཆགས་ཀྱི་ཡོད་མིན་ཐད་བསམ་བློ་འཁོར་ཡོད་མེད་ཤེས་མ་སོང་།”ཞེས་བརྗོད་འདུག

ལོ་རྒྱུས་ཁྲོད་ཀྱི་དམངས་སྤྱོད་འཕྲིན་ཐུང་གཏོང་རྒྱུ་ཡོད་པའི་ཁ་པར་ཐོག་མ། ནོ་ཁི་ཡ། ༢༠༡༠ NHE-3DN སྤྱི་ལོ་1993ལོར་བཟོས། #Nokia was the only handset manufacturer whose total GSM phone line in 1993 supported user-sending of SMS.

དེ་རྗེས་ལོ་གཅིག་ཙམ་གྱི་རྗེས་སུ་ཡོ་རོབ་ཧྥིན་ལན་ཊིར་(Finland/芬兰)རྟེན་གཞི་བྱས་པའི་ནོ་ཁི་ཡས་(NOKIA)ཆེས་ཐོག་མར་མང་ཚོགས་ཀྱིས་སྤྱོད་ཆོག་པའི་འཕྲིན་ཐུང་བསྐུར་རྒྱུ་ཡོད་པའི་ཁ་པར་བཏོན་ཡོད། དང་ཐོག་སྤྱི་ལོ་1995ལོར་འཕྲིན་ཐུང་སྐུར་མཁན་གྱི་གྲངས་ཚད་ཧ་ཅང་ཉུང་ཞིང་། སྤྱི་ལོ་2006བར་དུ་འཕྲིན་ཐུང་གི་བསྟན་པ་དར་མ་ཐུབ་པར་ལུས་འདུག དེ་ལྟར་སྤྱི་ལོ་2006ལོར་འཕྲིན་ཐུང་གི་བསྐུར་གྲངས་ཚད་བསམ་ཡུལ་ལས་འདས་པ་འཕར་ཏེ་ཨ་རི་ཁོ་ནའི་ནང་དུ་འཕྲིན་ཐུང་བསྐུར་གྲངས་ཁྱོན་ཐེར་འབུམ་12.5བྱུང་འདུག དེ་བཞིན་སྤྱི་ལོ་2007ལོར་ཨ་རིའི་ནང་འཕྲིན་ཐུང་བསྐུར་གྲངས་ལྡབ་འགའ་འཕར་ཏེ་ཁྱོན་འཕྲིན་ཐུང་ཐེར་འབུམ་45བསྐུར་ཡོད་པ་རེད་འདུག ད་སྐབས་འདི་ལོའི་སྤྱི་ཟླ་6ཁོ་ནའི་ནང་དུ་ཁྱོན་ཨ་རིའི་ནང་འཕྲིན་ཐུང་བསྐུར་གྲངས་ཐེར་འབུམ་781ཟིན་འདུག དེ་ལྟར་འཕྲིན་ཐུང་བྱུང་ནས་ཁྱོན་ལོ་ངོ་25ཏག་ཏག་སོང་ཡོད།

ད་ལྟའི་ཆར་ང་ཚོར་དྲི་བ་དུ་མ་ཞིག་ཡོང་བཞིན་པ་ནི་སྤྱི་ཚོགས་དྲ་གནས་དུ་མ་ཞིག་གི་འཕྲིན་འབྲེལ་འཕེལ་རྒྱས་འབྱུང་བཞིན་པ་དང་ལྷན་འཕྲིན་ཐུང་དེ་ཉིད་མྱུར་དུ་ང་ཚོའི་མིག་ལམ་ནས་ཡལ་འགྲོ་ཉེན་དུ་མངོན་གྱི་ཡོད། འོན་ཀྱང་། དོན་དངོས་ཐོག་གནས་ཚུལ་དངོས་ནི་དེ་འདྲ་ཞིག་མིན་པར་འཕྲིན་ཐུང་ནི་མུ་མཐུད་གནས་རྒྱུ་ཡིན་པ་ནི་སྨྲོས་མེད་དུ་བརྗོད་བཞིན་འདུག ད་དུང་ཡང་འཛམ་གླིང་གི་ས་ཕྱོགས་གང་སར་དྲ་རྒྱའི་མཐུན་རྐྱེན་གྱིས་སྙོབ་ཀྱི་མེད་ཅིང་། ས་ཁུལ་དེ་དག་ཏུ་འཕྲིན་ཐུང་ནི་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད་པར་གླེང་། ད་དུང་། དེང་དུས་ཀྱི་ཚོང་ལས་ཞབས་ཞུ་ཕལ་མོ་ཆེའི་འབྲེལ་ཡོད་གསལ་བརྡ་ཡོད་ཚད་འཕྲིན་ཐུང་བརྒྱུད་སྐུར་བཞིན་ཡོད་པས་འཕྲིན་ཐུང་གནས་སྐབས་རིང་འཛམ་གླིང་དང་ཁ་འབྲལ་འཆར་མེད་པ་མངོན་སུམ་དུ་གྲུབ་ཡོད་སྐོར་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།