འཛམ་གླིང་ནང་གི་ཕྱི་སྐྱོད་ལག་ཁྱེར་ནུས་པ་ཆེ་ཤོས། ཐད་སྤེལ།

0
1928

སེང་གྷ་པོར། སྤྱི་ལོ་2017ཟླ་10ཚེས་25ཉིན། ད་ལྟ་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་NDTVལ་སོགས་པས་ཐད་སྟོན་གནས་ཚུལ་སྤེལ་གསལ་ལྟར་ན། སྤྱིར་འཛམ་གླིང་ནང་གི་ཕྱི་སྐྱོད་ལག་ཁྱེར་ནུས་པ་ཆེ་ཤོས་དག་ནི་རྒྱུན་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཆགས་ཀྱི་ཡོད་མོད། འདི་ལོའི་ལོ་འགོ་ནས་ཨེ་ཤི་ཡའི་རྒྱལ་ཁབ་ཆུང་གྲས་སེང་གྷ་པོར་(Singapore/新加坡)གྱིས་འཛམ་གླིང་ནང་གི་ཕྱི་སྐྱོད་ལག་ཁྱེར་ནུས་པ་ཆེ་ཤོས་དེའི་མཚན་སྙན་འཛིན་རྒྱུའི་ཕྱོགས་སུ་མདུན་སྐྱོད་བྱ་འགོ་ཚུགས་ཡོད་པའི་གནས་ཚུལ་བརྗོད། དེ་སྔོན་ལྟར་ན་འཛམ་གླིང་ནང་གི་ཕྱི་སྐྱོད་ལག་ཁྱེར་ནུས་པ་ཆེ་ཤོས་ཀྱི་མཚན་སྙན་དེ་ཉིད་འཇར་མ་ནིས་(Germany/德国)སྣེ་ཁྲིད་དེ་ཡོ་རོབ་རྒྱལ་ཁབ་ཁག་གིས་བཟུང་ཡོད་པ་རེད་འདུག

རྒྱལ་སྤྱིའི་འགྲིམ་འགྲུལ་གྱི་གནས་སྟངས་འོག་ཕྱི་སྐྱོད་ལག་ཁྱེར་གྱི་ནུས་པ་ཆེ་ཆུང་འཇལ་བྱེད་ནི། ཕྱི་སྐྱོད་ལག་ཁྱེར་གང་ཞིག་བརྒྱུད་རྒྱལ་ཁབ་ཅི་ཙམ་ཞིག་ལ་མཐོང་མཆན་ཞུ་མི་དགོས་པར་སྐྱོད་ཆོག་མིན་གྱི་ཐད་ནས་བརྗོད་ཀྱི་ཡོད། དེ་ལྟར་ད་ལྟའི་ཆར་སེང་གྷ་པོར་གྱི་ཕྱི་སྐྱོད་ལག་ཁྱེར་ཐོག་འཛམ་གླིང་གི་རྒྱལ་ཁབ་གྲངས་159མཐོང་མཆན་ཞུ་མི་དགོས་པར་སྐྱོད་ཆོག  དེའི་རྗེས་འཇར་མ་ནིའི་ཕྱི་སྐྱོད་ལག་ཁྱེར་ཐོག་རྒྱལ་ཁབ་གྲངས་158དང་། སེའུ་གྲན་(Sweden)དང་ལྷོ་ཀོ་རི་ཡའི་ཕྱི་སྐྱོད་ལག་ཁྱེར་ཐོག་རྒྱལ་ཁབ་གྲངས་157། གྲན་མག་(Denmark)དང་ཕིན་ལན་ཊི(Finland)། དེ་བཞིན་ཨི་ཊ་ལིའི་(Italy)ཕྱི་སྐྱོད་ལག་ཁྱེར་བཅས་ཀྱི་ཐོག་རྒྱལ་ཁབ་གྲངས་156སུ་སྐྱོད་ཆོག་གི་ཡོད། རྒྱལ་ཁབ་དེ་དག་ནི་འཛམ་གླིང་ནང་གི་ཕྱི་སྐྱོད་ལག་ཁྱེར་ནུས་པ་ཆེ་ཤོས་དེ་དག་ཆགས་ཀྱི་ཡོད།

ཕྱོགས་མཚུངས་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱི་ཕྱི་སྐྱོད་ལག་ཁྱེར་གྱི་ནུས་སྟོབས་ལ་མཚོན་ན། རྒྱ་ནག་གི་ཕྱི་སྐྱོད་ལག་ཁྱེར་གྱི་གོ་གནས་ཨང་རིམ་68ལ་སོན་ཞིང་། ཁྱོན་རྒྱལ་ཁབ་གྲངས་60མཐོང་མཆན་མེད་པར་སྐྱོད་ཆོག་གི་ཡོད། དེ་བཞིན་རྒྱ་གར་གྱི་ཕྱི་སྐྱོད་ལག་ཁྱེར་ནི་གོ་གནས་ཨང་རིམ་75དེ་ཉིད་ཡིན་པ་དང་། འབྲུག་རྒྱལ་ཁབ་(76)དང་རྒྱལ་ཁབ་གཅིག་ལས་ཁྱད་པར་འགྲོ་གི་མེད། དེ་ལྟར་རྒྱ་གར་གྱི་ཕྱི་སྐྱོད་ལག་ཁྱེར་ཐོག་ཁྱོན་རྒྱལ་ཁབ་གྲངས་51ལ་མཐོང་མཆན་མི་དགོས་པར་སྐྱོད་ཆོག་གི་ཡོད་འདུག

འཛམ་གླིང་ནང་གི་ཕྱི་སྐྱོད་ལག་ཁྱེར་ནུས་པ་ཆེ་ཤོས། སེང་གྷ་པོར། ཁྱོན་རྒྱལ་ཁབ་ཁག་159མཐོང་མཆན་མེད་པར་སྐྱོད་ཆོག #PASSPORT POWER RANK: 1-SINGAPORE. Visa free Score 159.

ད་ལན་སེང་གྷ་པོར་གྱིས་རྒྱལ་སྤྱིའི་ཕྱི་སྐྱོད་ལག་ཁྱེར་གྱི་གོ་གནས་ཨང་དང་པོ་བླངས་པ་ནི། ཉེ་བའི་ཆར་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་པཱ་ར་གྷོ་ཡེ་(Paraguay)ཡིས་སེང་གྷ་པོར་གྱི་ཕྱི་སྐྱོད་ལག་ཁྱེར་ལ་མཐོང་མཆན་མི་དགོས་པ་བཟོས་པས་དེ་སྔའི་འཇར་མ་ནིས་བཟུང་བའི་གོ་གནས་ཨང་དང་པོ་དེ་ཉིད་བླངས་ཡོད་པ་རེད་འདུག དེ་ནི་འཛམ་གླིང་ལོ་རྒྱུས་ནང་ཨེ་ཤི་ཡའི་རྒྱལ་ཁབ་ཀྱིས་འཛམ་གླིང་ནང་གི་ཕྱི་སྐྱོད་ལག་ཁྱེར་ནུས་སྟོབས་ཆེ་ཤོས་སུ་གྱུར་བ་ཐོག་མ་དེ་ཉིད་ཆགས་ཀྱི་ཡོད་འདུག

མཐར་འཛམ་གླིང་ནང་གི་ཕྱི་སྐྱོད་ལག་ཁྱེར་ནུས་པ་ཆུང་ཤོས་ཀྱི་རྒྱལ་ཁབ་ཁག་གསུམ་བརྗོད་ན། ཕྱི་སྐྱོད་ལག་ཁྱེར་ནུས་པ་ཆུང་ཤོས་མཐའ་མ་དེ་ནི་ཨབ་གྷན་གྱི་ཕྱི་སྐྱོད་ལག་ཁྱེར་ཡིན་ཞིང་། གོ་གནས་ཨང་རིམ་94པར་སོན་གྱི་འདུག ཁྱོན་རྒྱལ་ཁབ་གྲངས་22ལ་མཐོང་མཆན་མེད་པར་སྐྱོད་ཆོག་གི་འདུག དེ་རྗེས་པག་ཀི་སི་ཐན་དང་ཨི་རག་གཉིས་གོ་གནས་ཨང་རིམ་93སོན་ཞིང་། ཁྱོན་རྒྱལ་ཁབ་26ལ་མཐོང་མཆན་མེད་པར་སྐྱོད་ཆོག་གི་འདུག དེ་ནས་གོ་གནས་ཨང་རིམ་92དེ་ཉིད་ནི་སེ་རི་ཡ་ཡིན་པ་དང་། ཁྱོན་རྒྱལ་ཁབ་གྲངས་29མཐོང་མཆན་ཞུ་མི་དགོས་པར་སྐྱོད་ཆོག་གི་འདུག

འཛམ་གླིང་རྒྱལ་ཁབ་ཁག་གི་ཕྱི་སྐྱོད་ལག་ཁྱེར་གྱི་གོ་གནས་ཨང་རིམ།

https://www.passportindex.org/byRank.php

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།