འཛམ་གླིང་གི་དམངས་གཙོ་རྒན་ཤོས་དེར་འཇིགས་སྐུལ་བྱེད་མི་ཐུབ།-ལོན་ཏྲོན་དྲག་སྤྱོད།

0
39

གནས་ཚུལ་ཁ་སྣོན།
སྤྱི་ལོ་2017ཟླ་3ཚེས་23ཉིན།
རྒྱ་གར། དགོང་དྲོ་ཆུ་ཚོད། 7:30pm

  • ད་ལྟ་སྐར་མ་20སྔོན་དུ་རྒྱལ་སྤྱིའི་དུས་དེབ་གསར་ཁང་གྲགས་ཅན་TIMEཡིས་གནས་ཚུལ་སྤེལ་གསལ། ཁ་སང་ལོན་ཏྲོན་གྱི་དྲག་སྤྱོད་དོན་རྐྱེན་དེ་ཉིད་དབྱི་སི་ལམ་སྤྱི་མཐུན་དྲག་སྤྱོད་ཚོགས་པ་ISISཡིས་སྤེལ་བའི་ཁས་ལེན་ཁྱབ་བསྒྲགས་བྱས་པ་ཡོད་སྐོར་བརྗོད།
  • དབྱི་སི་ལམ་དྲག་སྤྱོད་ཚོོགས་པ་ISISཡིས་ཁོང་ཚོའི་དྲ་གནས་Amaq News Agencyཞེས་པའི་ཐོག་ཏུ་གནས་ཚུལ་སྤེལ་དོན། ཁ་སང་གི་དྲག་སྤྱོད་པའི་ནང་གི་དབྱིན་ཡུལ་དུ་སྐྱེས་པའི་སྐྱེས་པ་དེ་ཉིད་ISISདྲག་སྤྱོད་སློབ་སྦྱོང་ལྟེ་གནས་སུ་སློབ་སྦྱོང་བྱས་ཟིན་པ་ཞིག་ཡིན་པའི་ཁྱབ་བསྒྲགས་བྱས་འདུག
  • ཨ་རི་དང་ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་དུ་མ་ཞིག་གིས་ལོན་ཏྲོན་དྲག་སྤྱོད་དོན་རྐྱེན་ཐད་ཐུགས་གསོའི་མཚམས་འདྲི་གནང་མུས་རེད་འདུག

དབྱིན་ཡུལ། ལོན་ཏྲོན། སྤྱི་ལོ་2017ཟླ་3ཚེས་23ཉིན། ཁ་སང་ཕྱི་དྲོ་ནས་ད་ལྟ་བར་རྒྱལ་སྤྱིའི་གསར་ཁང་ཕལ་མོ་ཆེས་གནས་ཚུལ་སྤེལ་གསལ་བཞིན། ས་གནས་དེ་གའི་ཉིན་རྒྱབ་རྒྱལ་ས་ལོན་ཏྲོན་དུ་བྱུང་བའི་དྲག་སྤྱོད་དོན་རྐྱེན་དེ་ནི་སྤྱི་ལོ་2005ཚུན་ཆད་དབྱིན་ཡུལ་གྱི་ས་ཐོག་ཏུ་བྱུང་བའི་དྲག་སྤྱོད་དོན་རྐྱེན་ཆེས་སྡུག་ཤོས་ཤིག་ཆགས་ཡོད་པ་རེད། སྤྱི་ལོ་2005ལོའི་དྲག་སྤྱོད་དེ་ནི་བདུན་པའི་བདུན་གྱི་(2015/7/7)དོན་རྐྱེན་ཞེས་གླེང་ཞིང་། སྐབས་དེར་ལོན་ཏྲོན་གྱི་ས་འོག་བགྲོད་ལམ་གཙོས་ས་གནས་ཁག་གསུམ་དུ་འབར་གས་བསྟུད་མར་ཐེངས་གསུམ་བྱུང་སྟེ། མི་གྲངས་ཁྱོན་56(རང་ཤིའི་འབར་གས་པ་བཞི་བརྩིས་ཡོད་)རྐྱེན་ལམ་དུ་ཤོར་བ་དང་། མི་གྲངས་ཁྱོན་784ལྷག་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་ཡོད།

ཁ་སང་གི་དྲག་སྤྱོད་དོན་རྐྱེན་དེའི་འོག་ཁྱོན་མི་གྲངས་4འདས་གྲོངས་སུ་གྱུར་ཡོད་པ་དང་། རྨས་སྐྱོན་ཕོག་པའི་མི་གྲངས་20ནས་40བར་འཕར་ཡོད་པ་རེད་འདུག ད་ལྟའི་ཆར་དབྱིན་ཡུལ་བདེ་སྲུང་མི་སྣས་དྲག་སྤྱོད་དོན་རྐྱེན་དེ་དང་འབྲེལ་ཡོད་མི་གྲངས་བརྒྱད་འཛིན་བཟུང་བྱས་ཟིན་པར་བརྗོད། དེ་བཞིན་གནོད་འཚེ་ཕོག་མི་དེ་དག་གི་རྒྱལ་ཁབ་གང་ས་ནས་ཡིན་མིན་དང་འབྲེལ་ཨ་རིའི་རྒྱལ་སྤྱིའི་གསར་ཁང་CNNགསར་འགོད་པས་བརྗོད་དོན། “དྲག་སྤྱོད་པ་དག་གིས་དྲག་རྒོལ་བྱེད་ཡུལ་གྱི་ནང་དུ་རོ་མཱ་ནི་ཡའི་མི་དང་། ལྷོ་ཀོ་རི་ཡའི་མི། རྒྱ་མི། ཧྥ་རན་སིའི་མི་སོགས་འདུག་པས་དེ་ནི་དབྱིན་ཡུལ་ལ་དྲག་རྒོལ་བྱས་པ་ཙམ་ཆགས་ཀྱི་མེད། དེ་ནི་མདོར་ན་རྒྱལ་ཁབ་དེ་དག་ཚང་མར་དྲག་རྒོལ་བྱས་པ་ཞིག་ཆགས་ཀྱི་ཡོད།”ཅེས་བརྗོད།

དྲག་སྤྱོད་དོན་རྐྱེན་བྱུང་ཡུལ་ཁག་དང་གལ་ཆེའི་ས་ཚིགས་ཁག #London, England

དབྱིན་ཡུལ་གྱི་སྲིད་བློན་ལྕམ་སྐུ་ཐེ་རེ་སར་(Theresa May)མཚོན་ན་ད་ལྟ་སྲིད་བློན་ལས་ཐོག་ཏུ་བསླེབས་ནས་ཟླ་ངོ་བརྒྱད་ལས་འདས་མེད་ཅིང་། ཨ་རིའི་སྲིད་འཛིན་གསར་པ་བརྗེས་པ་ནས་བཟུང་དབྱིན་ཡུལ་གྱི་ནང་དུ་གནད་དོན་དུ་མ་ཞིག་གི་ཐད་ཅུང་ཟང་ཟིང་དུ་གྱུར་ཞིང་། རྩོད་གླེང་ཆེ་བའི་ཡོ་རོབ་མནའ་སྦྲེལ་མཐུན་ཚོགས་ཀྱི་གནད་དོན་དེའི་འོག་ནས་གླེང་སློང་དུ་མ་ཞིག་བྱུང་བཞིན་ཡོད། ད་དུང་། ད་ལྟའི་དབྱིན་ཡུལ་གྱི་སྲིད་བློན་གཙོས་ཆབ་སྲིད་པ་དུ་མ་ཞིག་གིས་ཡོ་རོབ་མཐུན་ཚོགས་སུ་ཞུགས་པ་ནི་མཉམ་འབྲེལ་གྱི་མིང་འོག་ནས་དབྱིན་ཡུལ་དུ་དྲག་སྤྱོད་ཀྱི་ཉེན་ཁ་དྲངས་པ་ལྟ་བུར་མངོན་བཞིན་ཡོད་སྐོར་བརྗོད། ཁ་སང་གི་དྲག་སྤྱོད་དོན་རྐྱེན་དེའི་ཐད་མི་དམངས་དང་བདེ་སྲུང་མི་སྣ། དེ་བཞིན་གསར་འགོད་ལས་རིགས་བཅས་ཀྱིས་བརྗོད་དོན། “འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་རྒན་ཤོས་འདིར་ནམ་ཡང་འཇིགས་སྐུལ་བྱེད་མི་ཐུབ། ང་ཚོ་ནམ་ཡང་སྐྲག་གི་མ་རེད་ཅེས།”བརྗོད་བཞིན་འདུག

ཁ་སང་དོན་རྐྱེན་བྱུང་བ་ནས་ད་བར་དབྱིན་ཡུལ་གྱི་གསང་བའི་བདེ་སྲུང་ལྷན་ཁང་གྲགས་ཅན་MI6དང་། དུག་སྦྲུལ་མགོ་ལེབ་(Cobra meeting)ཀྱི་མིང་དུ་བཏགས་པའི་དབྱིན་ཡུལ་གྱི་མཐོ་རིམ་མྱུར་དོན་ཐག་གཅོད་ལྷན་ཚོགས། དེ་བཞིན་སྲིད་བློན་གྱི་ཐད་ཀར་སྟངས་འཛིན་ཡོད་པའི་ཆེད་ལས་གསང་བའི་བདེ་སྲུང་མི་སྣ་བཅས་ཚང་འཛོམས་ཀྱིས་ཚོགས་འདུ་ཚོགས་པ་བརྒྱུད་ཐག་གཅོད་བྱུང་བ་ནི། མདང་དགོང་མཚན་དཀྱིལ་དུ་དབྱིན་ཡུལ་གྱི་སྲིད་བློན་གྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དོན། “དེ་རིང་ཕྱི་དྲོ་དྲག་སྤྱོད་དོན་རྐྱེན་དེ་དག་བྱུང་ཡང་ང་ཚོས་སང་ཉིན་ནས་ས་གནས་འདི་ག་རང་དུ་གྲོས་ཚོགས་མུ་མཐུད་རྒྱུན་ལྡན་བཞིན་འཚོག་རྒྱུ་ཡིན།”ཞེས་བརྗོད། དབྱིན་ཡུལ་གྱི་སྲིད་བློན་ལྕམ་སྐུ་མཆོག་དོན་རྐྱེན་བྱུང་ས་ནས་ཛ་དྲག་ངང་ཕྱིར་འཐེན་གདན་ཞུ་བྱས་པའི་ཆུ་ཚོད་འགའི་རྗེས་སུ། བསྐྱར་གསར་འགོད་པའི་མདུན་དུ་ཡོང་སྟེ་གསལ་བསྒྲགས་སྤེལ་དོན།

དབྱིན་ཡུལ་གྱི་སྲིད་བློན་ལྕམ་སྐུ་ཐེ་རེ་ས་ལགས་ཀྱི་
གསར་འགོད་གསལ་བསྒྲགས་ཆ་ཚང་།

དོན་རྐྱེན་བྱུང་སའི་ས་གནས་ནི་སྟབས་ཁེལ་བ་ཞིག་མིན་པ་དང་། དྲག་སྤྱོད་པ་དག་གིས་ང་ཚོའི་གྲོང་ཁྱེར་གྱི་དཀྱིལ་སྙིང་དེ་ཉིད་བདམས་ནས་དྲག་སྤྱོད་ལས་གཞི་བརྩམས་ཡོད། ནམ་ཞིག་མི་རིགས་འདྲ་མིན་དང་། ཆོས་ལུགས་སྣ་ཚོགས། རིག་གཞུང་འདྲ་མིན་བཅས་ལྷན་དུ་འཛོམས་ཏེ། ཐོབ་ཐང་། དམངས་གཙོ། སྨྲ་བརྗོད་རང་དབང་བཅས་ཀྱི་རིན་ཐང་ལོངས་སུ་སྤྱོད་པའི་དགའ་སྟོན་བྱེད་དུས། གནད་དོན་དེ་ནི་དྲག་སྤྱོད་པ་དག་གི་དམིགས་འབེན་དུ་གྱུར་ཡོད། དེ་ནི་ཁོང་ཚོས་རིིན་ཐང་དེ་དག་ལ་དགག་པ་རྒྱག་བཞིན་ཡོད་པ་དེ་རེད།

འོན་ཀྱང་། དེ་རིང་ངས་གསལ་པོར་བརྗོད་རྒྱུར། དེ་སྔོན་ངས་བརྗོད་རྒྱུ་བྱུང་བ་བཞིན་རིན་ཐང་དེ་དག་གི་ཐོག་ཏུ་རྒོལ་རྒྱུའི་དྲག་སྤྱོད་ལས་འགུལ་ཅི་ཞིག་རྩོམ་འདོད་ཀྱང་། སྡུག་བསྔལ་གྱི་འོག་ནས་ཕམ་ཉེས་འབྱུང་ངེས་ཡིན་ལ། འདིར་ང་ཚོས་སང་ཉིན་ཞོགས་པ་གྲོས་ཚོགས་རྒྱུན་ལྡན་བཞིན་རང་འཇགས་འཚོག་རྒྱུ་ཡིན། ང་ཚོ་ཡང་རྒྱུན་ལྡན་བཞིན་ལྷན་དུ་འཛོམས་རྒྱུ་ཡིན། ད་དུང་། ལོན་ཏྲོན་གྱི་གྲོང་མི་རྣམས་པ། འཛམ་གླིང་རྒྱལ་ཁབ་གང་ས་ནས་གྲོང་ཁྱེར་གྲགས་ཅན་འདིར་ཕེབས་པའི་ཡུལ་སྐོར་བ་རྣམ་པ། སང་ཉིན་ཞོགས་པ་ཁོང་ཅག་གིས་ཡར་ལངས་ཏེ་རྒྱུན་ལྡན་བཞིན་ཉིན་མོ་གསར་པ་ཞིག་འགོ་རྩོམ་གྱི་རེད།

ཁོང་ཚོས་མེ་འཁོར་བརྒྱུད་ནས་འགྲུལ་བཞུད་བྱེད་ཀྱི་རེད་ལ། གསོལ་མགྲོན་ཁང་ནས་ཕྱིར་ཐོན་སྟེ། གྲོང་ཁྱེར་གྱི་སྲང་ལམ་དེ་དག་ལ་སྤྲོ་འཆམ་དུ་འགྲོ་གི་རེད། དེའི་ཐོག་ཁོང་ཚོས་རང་ཉིད་ཀྱི་འཚོ་བ་རྒྱུན་ལྡན་བཞིན་རྒྱུན་འཁྱོངས་བྱེད་ཀྱི་རེད། མཐར་ང་ཚོ་ཚང་མས་ལྷན་དུ་མདུན་སྐྱོད་བྱས་ཏེ། དྲག་སྤྱོད་པར་ནམ་ཡང་མགོ་བོ་བསྒུར་གྱི་མ་རེད། དེ་བཞིན་ནམ་ཡང་བསམ་སྦྱོར་ངན་པའི་སྐད་ངན་དེ་དག་གིས་ང་ཚོས་ཁ་བྲལ་དུ་གཏོང་འཇུག་གི་མ་རེད།

གནས་ཚུལ་ཡོང་ཁུངས་ཁག

  1. CNN
  2. The Guardian
  3. Financial Times(England)
  4. BBC
  5. Wikipedia
  6. NDTV
  7. New Europe
  8. New York Times

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།