འབྲོག་ལམ་ཉེ་འཁོར་དུ་རྒྱ་དམག་1800ལྷག་གཏན་སྡོད་གནས་སྤོ། མེ་ཚག་གསར་པ།

0
1306
འབྲོག་ལམ་ཁུལ་དུ་བཅིངས་གྲོལ་དམག་མི་ཁྱོན་1800གཏན་སྡོད་གནས་སྤོ་བྱེད་འགོ་ཚུགས་ཡོད་པའི་གནས་ཚུལ་བརྗོད་བཞིན་འདུག#1,800 PLA troops, 2 helipads in the Doklam Area.

རྒྱ་ནག པེ་ཅིན། སྤྱི་ལོ་2017ཟླ་12ཚེས་11ཉིན། ད་ལྟ་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་གྲགས་ཅན་NDTVདང་། རྒྱ་གར་གྱི་ཝི་ཡོན་(Wion)རྒྱལ་སྤྱིའི་གསར་ཁང་སོགས་གསར་ཁང་ཆེ་ཆུང་ཕལ་མོ་ཆེས་ཛ་དྲག་གི་གནས་ཚུལ་སྤེལ་བཞིན་པ་ནི། འབྲོག་ལམ་ཁུལ་དུ་དགུན་དུས་ཀྱི་གྲང་ངར་ཇེ་བཙན་དང་ཁ་བའི་བུ་ཡུག་གི་དཀའ་ཚེགས་དྲག་པོ་དེའི་ཁྲོད་ན་རྒྱ་ནག་ནི་སྔར་ལས་ཇེ་འཁྲུག་ཏུ་གྱུར་ཡོད་སྐོར་གླེང་ཞིང་། དེ་ཁུལ་དུ་བཅིངས་གྲོལ་དམག་མི་ཁྱོན་1800གཏན་སྡོད་གནས་སྤོ་བྱེད་འགོ་ཚུགས་ཡོད་པའི་གནས་ཚུལ་བརྗོད་བཞིན་འདུག ད་དུང་། འབྲོག་ལམ་ས་ཁུལ་དུ་དམག་མི་གནས་སྤོ་ཙམ་མིན་པར་འཐུས་སྒོ་ཚང་བའི་དམག་སྒྲིག་ནན་ཏན་ཞིག་བྱེད་བཞིན་ཡོད་སྐོར་ཡང་གླེང་།

དེ་ཡང་ད་སྐབས་རྒྱ་ནག་གིས་འབྲོག་ལམ་ཕྱོགས་ཀྱི་གཞུང་ལམ་གྱི་སྤུས་ཀ་སྔར་ལས་ཇེ་ལེགས་སུ་བཏང་ཡོད་པ་དང་། དམག་མིའི་ཐད་འཕུར་གནམ་གྲུའི་འབབ་ཐང་གཉིས། དམག་མིའི་སོ་ལྟ་བྱ་ཡུལ་གྱི་འདུག་གནས་དང་ས་ཚུགས། ཚོང་ཁང་སོགས་ཀྱང་འཛུགས་སྐྲུན་བྱས་ཟིན་སྐོར་གྱི་གནས་ཚུལ་ཐོན། འབྲོག་ལམ་ནི་རྒྱ་གར་དང་འབྲུག བོད་བཅས་ཡུལ་གསུམ་གྱི་ས་མཚམས་ལྷན་འདུས་ཁེལ་ཡུལ་ཞིག་དང་། དེ་སྔོན་རྒྱ་དཀར་ནག་གཉིས་ཀྱི་བར་དུ་ཉིན་གྲངས་70ལྷག་ཕྱོགས་གཉིས་ཀས་ཕྱིར་འཐེན་མ་བྱས་པར་དམག་གི་གདོང་ཐུག་བྱུང་ཡོད། སྐབས་དེར་གནས་ཚུལ་བྱུང་ཡུལ་ནི་འབྲུག་དང་བོད་ཁུལ་དུ་ཡིན་སྟབས་རྒྱ་གར་གྱིས་འབྲུག་གི་ཚབ་ཏུ་རྒྱ་ནག་ལ་གདོང་ཐུག་བྱས་པ་ཞིག་ཡིན་པར་བརྗོད།

ཉེ་ལམ་རྒྱ་ནག་མི་དམངས་བཅིངས་དམག་གི་དུས་དྲན་ཉིན་མོར་བསྒྲགས་པའི་དམིགས་ཡུལ་གལ་ཆེ་ཤོས་ཤིག་ནི་རྒྱ་ནག་གི་དམག་སྟོབས་དང་དམག་རྩལ་གཉིས་ཀ་དེང་དུས་ཅན་དུ་བསྒྱུར་རྒྱུ་དེ་ཉིད་ཆགས་ཀྱི་ཡོད།#“To achieve the dream of the great rejuvenation of the Chinese nation, we must quicken the pace of building the people’s army into a world-class army,” Xi said.

རྒྱ་གར་གྱི་ཕྱོགས་ནས་ཉེ་སྔོན་ཕྱོགས་གཉིས་ཀྱི་བར་གྱི་གནས་ཚུལ་རྣམས་ཞི་འཇམ་ངང་ཐག་ཆོད་བྱུང་ཟིན་སྐོར་བསྒྲགས་མོད། ད་སྐབས་བསྐྱར་དུ་འབྲོག་ལམ་རྩོད་རྙོག་གི་ལེའུ་གསར་པ་ཞིག་འགོ་འཛུགས་བཞིན་པ་ནི་དངོས་ཡོད་དུ་གྱུར་འདུག གསར་ལམ་ཁག་ནས་བརྗོད་གསལ་ལྟར་ན་སྔོན་མ་ནས་ལོ་ལྟར་རྒྱ་ནག་གི་དམག་མི་འབྲོག་ལམ་ཁུལ་དུ་ཡོང་ནས་སྐོར་སྲུང་བྱེད་པ་དང་། དུས་ཡུན་གང་མཚམས་ཤིག་ས་གནས་དེ་གར་བསྡད་རྗེས་ལོག་འགྲོ་སྐབས་འབྲོག་ལམ་རྒྱ་ནག་གི་ས་ཁོངས་ཡིན་སྐོར་བརྗོད་ནས་ལོག་འགྲོ་གི་ཡོད་པར་བརྗོད།

རྒྱ་གར་གྱི་དཔལ་འབྱོར་གནས་ཚུལ་(Business Standard)གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཟླ་འདིའི་ཚེས་1ཉིན་རྒྱ་ནག་གཞུང་བདེ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ཁོལ་ཝུ་ཆན་(Col Wu Qian)གྱིས་གསར་འགོད་པར་བརྗོད་དོན།“འབྲོག་ལམ་ཁུལ་དུ་ང་ཚོས་དམག་གྲངས་ངེས་ཅན་ཞིག་འཇོག་རྒྱུ་ཡིན། འབྲོག་ལམ་ནི་རྒྱ་ནག་གི་ས་ཁོངས་རེད། དེའི་ཕྱིར་འགྲོ་ལུགས་ལྟར་ང་ཚོས་འབྲོག་ལམ་ཁུལ་དུ་དམག་མི་ཇི་ཙམ་ཞིག་འཇོག་དགོས་མིན་རང་ངོས་ནས་ཐག་ཆོད་བྱ་གི་རེད།”ཅེས་བརྗོད་ཡོད་སྐོར་གསལ།

རྒྱ་གར་གྱི་དམག་སྟོབས་ཀྱང་རྒྱལ་སྤྱིའི་ནང་གི་ནུས་ཤུགས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་ཅིང་། ཉེ་ལམ་རྒྱལ་སྤྱིའི་ནང་གི་གོ་མཚོན་ནང་འདྲེན་བྱེད་མཁན་ཤུགས་ཆེ་ཤོས་ཨང་དང་པོ་དེ་ཉིད་ཆགས་ཀྱི་ཡོད།#India seems to be modernising its military and its nuclear capabilities keeping an eye on China. India’s declared policy is of nuclear deterrence and no first strike.

ཕྱོགས་གཞན་ནས་ཉིན་གསུམ་གྱི་སྔོན་དུ་རྒྱ་ནག་གཞུང་གིས་རྒྱ་གར་ལ་སྐྱོན་བརྗོད་བྱས་ཏེ་བརྗོད་དོན།“རྒྱ་གར་གྱི་མི་མེད་སོ་མྱུལ་གནམ་གྲུ་ཞིག་རྒྱ་ནག་གི་ས་ཁོངས་སུ་བཙན་འཛུལ་བྱས་ཏེ་བསླེབས་ཡོད། དེ་ནི་རྒྱ་ནག་གི་ས་ཁོངས་བདག་དབང་ལ་རྒོལ་བ་ཞིག་ཡིན་པས་ངེད་རྒྱ་ནག་གཞུང་དམག་སྲིད་ཁང་ནས་གནད་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།”ཅེས་བརྗོད་འདུག

དེ་རིང་གི་གནས་ཚུལ་དེའི་ཐད་འདས་པའི་སྤྱི་ཟླ་10ནང་འབྲོག་ལམ་ཁུལ་དུ་རྒྱ་དམག་གནས་སྤོའི་གླེང་སློང་བྱུང་མོད། རྒྱ་གར་ཕྱི་སྲིད་ལྷན་ཁང་ནས་གནས་ཚུལ་དེ་ཉིད་ཐད་སེམས་ཁྲལ་བྱེད་དགོས་དོན་མེད་པ་དང་། རྒྱ་དམག་གནས་སྤོ་བྱ་ཡུལ་གྱི་ས་གནས་ནི་དེ་སྔའི་རྩོད་རྙོག་བྱུང་ཡུལ་གྱི་ས་གནས་ནས་རྒྱང་ཐག་སྤྱི་ལེ་10སར་ཡིན་ཚུལ་བརྗོད་འདུག འོན་ཀྱང་། དེ་རིང་གི་གནས་ཚུལ་གསར་པ་དེ་ཉིད་བརྒྱུད་འབྱུང་འགྱུར་ཕྱོགས་གཉིས་ཀྱི་བར་དུ་བསྐྱར་རྩོད་གླེང་ཅི་འདྲ་ཞིག་ཡོང་མིན་གྱི་གསལ་ཁ་མེད་པར་སྣང་།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།