འབར་མས་གཞུང་དམག་7ལ་ལོ་10བཙོན་འཇུག རོ་ཧིན་ཁ་ཆེ་བར་དྲང་བདེན།

0
1034

འབར་མ། ཡང་གྷོན། སྤྱི་ལོ་2018ཟླ་4ཚེས་11ཉིན། ད་ལྟ་ཆུ་ཚོད་1སྔོན་དུ་རྒྱ་གར་ནང་གི་གསར་ཁང་ཆེ་ཤོས་གྲས་རྒྱ་གར་དུས་བབ་(TOI)ཀྱིས་གནས་ཚུལ་སྤེལ་གསལ། དེ་རིང་འབར་མའི་གཞུང་གིས་དེ་གའི་གཞུང་དམག་7གྱིས་ཉེ་སྔོན་རོ་ཧིན་ཁ་ཆེ་སྡེབ་གསོད་སོགས་ཀྱི་ལས་འགུལ་འདྲ་མིན་སྤེལ་བའི་ཉེས་དམིགས་འོག་མི་ལོ་10རིང་སྡུག་གཅོང་ཚབས་ཆེན་གཏོང་ཡུལ་གྱི་ལུང་ཁུག་བཙོན་ཁང་ཞིག་ཏུ་མི་ལོ་10དུས་བཀག་བཙོན་འཇུག་བྱ་རྒྱུའི་བཀའ་རྒྱ་ཕབ་པའི་གནས་ཚུལ་ཐོན་འདུག ཁ་སང་འབར་མ་གཞུང་དམག་སྲིད་ལྷན་ཁང་ནས་འགྲེལ་བརྗོད་བྱས་དོན་ལྟར་ན།“གཞུང་དམག་བདུན་པོ་དག་གིས་ན་ནིང་སྤྱི་ཟླ་9ནང་རོ་ཧིན་ཁ་ཆེ་བ་མི་གྲངས་10ཟང་ཟིང་ཁྲོད་ནས་སྡེབ་གསོད་བཏང་བའི་གནས་ཚུལ་བྱུང་འདུག ང་ཚོས་ཁོ་ཚོའི་བྱས་ཉེས་ལ་དམིགས་ནས་ཉེས་ཆད་ཚ་ནན་གཏོང་གི་རེད།”ཅེས་བརྗོད་འདུག

རོ་ཧིན་ཁ་ཆེ་བ་མི་བཅུའི་སྡེབ་གསོད་དོན་རྐྱེན་དེ་ཉིད་ཆེས་ཐོག་མར་རུ་ཀྲར་(Reuters)གསར་ཁང་གི་གསར་འགོད་པ་གཉིས་ཀྱིས་རྩད་ཞིབ་བྱས་ཏེ་ཤེས་རྟོགས་བྱུང་བའི་གནས་ཚུལ་ཞིག་ཡིན་པ་དང་། ཁོང་གཉིས་ནི་གསར་འགོད་པ་ཝ་ལུན་(Wa lone)རང་ལོ་31དང་། གསར་འགོད་པ་ཡཱོ་སུའུ་ཨོ་(Kyaw Soe Oo)རང་ལོ་28ཡིན་པ་རེད་འདུག ན་ནིང་ཁོང་གཉིས་ཡུལ་དེ་གའི་གཞུང་དམག་གིས་རྒྱལ་ཁབ་ཀྱི་གསང་བའི་ལས་དོན་ལ་ཐེ་བྱུས་བྱས་པའི་ཉེས་དམིགས་འོག་འཛིན་བཟུང་བྱས་ཏེ་ད་ལྟའང་འཛིན་བཟུང་བཀག་ཉར་འོག་གནས་མུས་ཡིན་པར་བརྗོད། གནས་ཚུལ་དེའི་ཐད་འདི་ལོ་སྤྱི་ཟླ་2ནང་འབར་མའི་གཞུང་གིས་རུ་ཀྲར་གསར་ཁང་ལ་འགྲེལ་བརྗོད་བྱས་དོན།“གསར་འགོད་པ་དེ་གཉིས་ཀྱིས་སྐབས་དོན་གནས་ཚུལ་དང་འབྲེལ་བ་མེད་པའི་གཞུང་འབྲེལ་ཡིག་ཆ་དུ་མ་ཞིག་འཐོབ་ཐབས་བྱེད་བཞིན་འདུག”ཅེས་བརྗོད་འདུག

ལྕམ་ཨན་སན་སུ་ཅིས་ད་ལན་གྱི་ཐག་ཆོད་དེ་ཉིད་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡིན་སྐོར་བརྗོད་འདུག#Myanmar’s civilian leader Aung San Suu Kyi welcomed the army admission of wrongdoing over the killings as a “positive step”

ནང་ནིང་སྤྱི་ཟླ་བརྒྱད་པ་ནས་འབར་མའི་ནང་དུ་ནང་པ་དང་ཁ་ཆེའི་བར་དུ་འཁྲུག་འཛིང་ཆད་མེད་བྱུང་ཞིང་། གཞུང་དམག་གིས་ཁ་ཆེ་བ་སྡོད་ཁུལ་གྱི་གྲོང་ཁུལ་གཙང་སེལ་བྱ་འགོ་བཙུགས་པས་རྒྱལ་སྤྱིའི་ནང་འབར་མ་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེན་ཕོག་ཡོད་པ་རེད། ད་སྐབས་འབར་མའི་ནང་དུ་གནས་ཚུལ་དེ་ཉིད་ཇེ་བཟུང་གྱུར་ཞིང་། གཞུང་ཕྱོགས་ནས་ཀྱང་གཞུང་དམག་གི་བྱ་སྤྱོད་ལ་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་མུས་རེད་འདུག ད་ལན་མི་ལོ་10བཙོན་འཇུག་གི་ཁྲིམས་ཆད་ཕོག་པའི་དམག་མི་7གྱི་ནང་ནས་དམག་མི་4མི་ཚེར་འབར་མའི་གཞུང་དམག་ནང་ཞུགས་མི་ཆོག་པའི་བཀའ་རྒྱ་ཕབ་འདུག་ཅིང་། དམག་མི་3གོ་གནས་རིམ་པ་དམའ་ཤོས་བར་དུ་ཕབ་པའི་གནས་ཚུལ་བརྗོད་བཞིན་མཆིས།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།