འབར་མ་དང་རོ་ཧིན་གྱའི་ཁ་ཆེ་བ།

0
1496
འབར་མ་རྒྱལ་ཁབ་བམ་མིན་གསར་པར་མ་ཡན་མར། #The map of Burma(Myanmar).

བོད་ཀྱི་དེ་ཕོ་ཕྱི་འབྱོར་རྩོམ་ཡིག
རྩོམ་འབྲི་བ། ཉི་འོད།
སྡོད་གནས། བྷེང་ལོར་གྲོང་ཁྱེར།

འབར་མ་རྒྱལ་ཁབ་ནི་གླིང་ཆེན་ཨེ་ཤི་ཡའི་ལྷོ་ཤར་དུ་ཆགས་ཡོད་ཅིང་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་6.7ལྷག་དང་མི་འབོར་ས་ཡ་51.48ལྷག་ཡོད་པ་ཡིན། རིགས་རྒྱུད་མི་འདྲ་བ་བརྒྱ་ཕྲག་ཙམ་དབྱེ་བའི་ནང་ནས་བརྒྱ་ཆ་68%འབར་མར་Bamarཞེས་པ་དེ་ཉིད་ཡིན་ཞིང་དེའི་ནང་ནས་ཕལ་མོ་ཆེ་ནང་པ་ཆགས་ཀྱི་ཡོད། མི་འབོར་སྤྱི་ཡོངས་ནས་བརྒྱ་ཆ་88%ལྷག་ཙམ་ནང་པ་དང་ལྷག་མ་རྣམས་ཡི་ཤུ་བ་དང་ཁ་ཆེ་བ་སོགས་ཡིན་པ་རེད།

འབར་མའི་ལོ་རྒྱུས་སུ་གྲགས་ཆེ་བའི་རྒྱལ་རྒྱུད་རིམ་པ་གསུམ་བྱུང་བ་སྟེ་སྔ་མོའི་རྒྱལ་ཕྲན་སིལ་མ་རྣམས། སྤྱི་ལོ་1050ལོར་པཱ་གྷན་རྒྱལ་རྒྱུད་Pagan Dynastyཀྱི་སྐབས་སུ་གཅིག་ཏུ་བསྒྲིལ། འོན་ཀྱང་། དུས་རབས་བཅུ་གཉིས་པའི་ནང་སོག་པོའི་བཙན་འཛུལ་གྱིས་སྲིད་དབང་གཏོར་ནས་སླར་ཡང་རྒྱལ་ཕྲན་དུ་མར་ཁ་འཐོར་ཕྱིན། དུས་རབས་16པའི་ནང་ཏན་གྷུ་རྒྱལ་རྒྱུད་Taungoo Dynastyཀྱིས་རྒྱལ་ཕྲན་རྣམས་གཅིག་གྱུར་བཟོས་ཏེ་ཡོ་རོབ་ཉུལ་ཞིབ་རུ་ཁག་ལ་འགོག་རྒོལ་ཤུགས་ཆེར་བྱས་ཤིང་དུས་ཡུན་ཐུང་ངུའི་ནང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་བཙན་ཤོས་ཤིག་ཏུ་གྱུར་བ་རེད། དུས་རབས་19ནང་ཀོན་བྷན་Konbaung dynastyརྒྱལ་རྒྱུད་ཀྱི་སྐབས་སུ་དབྱིན་ཇི་དང་སྔ་ཕྱིར་དམག་འཁྲུག་ལན་གསུམ་བརྒྱབས་ནས་ཕམ་སྟེ་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར།

སྤྱི་ལོ་1948ལོར་དམངས་གཙོའི་རྒྱལ་ཁབ་ཀྱི་རྣམ་པར་རང་བཙན་ཐོབ་ཀྱང་མི་རིང་བར་དམག་མིས་དབང་བསྒྱུར་བྱས་ཏེ་དམག་སྤྱི་ནེ་ཝིན་གྱི་Ne Winསྲིད་དབང་སྒེར་འཛིན་འགོ་བརྩམས། སྤྱི་ལོ་2011ལོར་དམངས་གཙོའི་ལམ་ལུགས་བསྐྱར་གསོ་ཐུབ་པ་བྱུང་ཞིང་2015ལོའི་འོས་བསྡུའི་སྐབས་སུ་ལྕམ་ཨན་སན་སུ་ཀིའི་རྒྱལ་ཡོངས་དམངས་གཙོ་ཚོགས་པར་ཚད་མཐོའི་རྒྱལ་ཁ་ཐོབ་སྟེ་ཁོ་མོ་རྒྱལ་ཁབ་ཀྱི་སློབ་སྟོན་པར་བདམས་ཐོན་བྱུང་། འོན་ཀྱང་གཞུང་གི་སྲིད་དབང་ཐད་དམག་མིའི་གནོན་ཤུགས་ད་དུང་མུ་མཐུད་དུ་གནས་ཡོད་པ་ཡིན།      

འབར་མའི་རྩོད་རྙོག

རོ་ཧིན་ཁ་ཆེ་བ་གཙང་པོ་བཅད་དེ་སྐྱབས་བཅོལ་དུ་འགྲོ་བཞིན་པ།#People swim across a river near Laung Don village in northern Rakhine state as Rohingya Muslims travel toward the border with Bangladesh.

འབར་མ་ནི་རིགས་རྒྱུད་དང་ཆོས་ལུགས་སྣ་མང་འཛོམས་པའི་རྒྱལ་ཁབ་ཅིག་ཡིན་པས་ནང་ཁུལ་དུ་རྩོད་རྙོག་རྒྱུན་ཆད་མེད་པ་ཞིག་ཡོད། སྲིད་དོན་ཆེད་མཁས་པ་ཚོས་བརྗོད་པ་ལྟར་ན་འབར་མའི་ནང་སྲིད་དབང་སྒེར་འཛིན་གྱི་གནོན་ཤུགས་ད་དུང་འཇགས་མེད་ཅིང་གཞུང་ལ་སྣ་མང་མཉམ་གནས་pluralismཀྱི་ལྟ་བ་ཞན་དྲགས་པ་དང་། གྲངས་ཉུང་མི་རིགས་ལ་བསྟུན་ཤེས་སྐྱོ་དྲགས་པ་སོགས་ཀྱི་སྐྱོན་ཆ་ཡོད་པ་མ་ཟད་མི་འབོར་གྱི་གྲུབ་ཆ་གཙོ་བོར་གྱུར་བའི་ནང་པ་ཚོ་ཡང་རང་ལྟ་མཆོག་འཛིན་ཆེ་བས་རིགས་རྒྱུད་དང་ཆོས་ལུགས་བར་དབྱེ་འབྱེད་ཡོང་གི་ཡོད་པར་བརྗོད། འབར་མའི་ནང་གི་དཀའ་རྙོག་ཆེ་ཤོས་ནི་རོ་ཧིན་གྱའི་ཁ་ཆེ་བའི་གནད་དོན་ཡིན་ཞིང་ཆབ་སྲིད་དཔྱད་བརྗོད་པ་མང་པོས་རོ་ཧིན་གྱའི་ཁ་ཆེ་བ་དང་། དབྱིན་ཇིའི་དབང་བསྒྱུར་སྐབས་ཀྱི་ལྷོ་ཨ་ཧྥི་རི་ཁའི་མི་རིགས་ནག་པོའི་གནས་སྟངས་གཉིས་གཤིབ་བསྡུར་བྱེད་ཀྱིན་ཡོད་པ་རེད།    

རོ་ཧིན་གྱའི་ཁ་ཆེ་གྲངས་ཉུང་མི་རིགས།

རོ་ཧིན་གྱ་Rohingyaནི་ཁ་ཆེའི་ཆོས་བརྒྱུད་སུ་ཧྥི་Sufiཉམས་ལེན་བྱེད་མཁན་གྱི་རིགས་རྒྱུད་བྱེ་བྲག་བ་ཞིག་ཡིན། འབར་མའི་ནང་དུ་རོ་ཧིན་གྱའི་ཁ་ཆེ་ས་ཡ་གཅིག་དང་འབུམ་གཅིག་ཙམ་ནུབ་བྱང་མཚོ་རྒྱུད་དུ་ཆགས་པའི་རག་ཁན་Rakhineམངའ་སྡེར་གནས་ཡོད་པ་ཡིན། རོན་ཧིན་གྱ་པ་རྣམས་ནས་ཁོང་ཅག་སྔ་མོ་ནས་གནས་དེར་འབྱོར་བའི་ཨབ་རབ་ཀྱི་ཚོང་པའི་མི་རྒྱུད་ཡིན་པ་འདོད་ཀྱང་ལོ་རྒྱུས་སྨྲ་བ་ཕལ་མོ་ཆེས་སིལ་མའི་དུས་སུ་ཡུལ་དེར་ཨ་ར་ཀན་Arakanཞེས་པའི་རྒྱལ་ཕྲན་ཞིག་ལོགས་སུ་ཡོད་ཅིང་དུས་རབས་བཅོ་ལྔའི་ནང་བྷེན་གྷ་ལའི་Bengali(རྒྱ་གར་གྱི་ཤར་ཕྱོགས་སུ་ཡོད་པའི་བྷེན་གྷལ་མངའ་སྡེ་དང་བྷང་ལ་དེ་ཤིའི་མི་རིགས།) ཁ་ཆེ་བ་སྟོང་ཕྲག་མང་པོ་ཡུལ་དེར་འབྱོར་ནས་གནས་ཆགས་པ་དེ་དག་གི་མི་རྒྱུད་ཡིན་པར་བཤད།

དབྱིན་ཇིའི་དབང་བསྒྱུར་འོག་གི་དུས་རབས་བཅུ་དགུ་དང་ཉི་ཤུའི་ནང་དུའང་རྒྱ་གར་ནས་ངལ་རྩོལ་བ་བརྒྱ་ཕྲག་མང་པོ་རག་ཁན་མངའ་སྡེ་རུ་གནས་སྤར་བ་ལས་ཕལ་ཆེ་བ་བྷེན་གྷ་ལའི་ཁ་ཆེ་ཡིན་པ་རེད། འབར་མའི་མི་དང་རྒྱ་གར་ནས་ཡོང་བའི་ངལ་རྩོལ་བའི་བར་ལས་ཀའི་འགྲན་རྩོད་ཆེས་ཆེར་ལངས་ཏེ། སྤྱི་ལོ་1930ལོར་ཡང་གྷོན་མཚོ་ཁར་མི་ཉིས་བརྒྱ་ཙམ་དམར་གསོད་ཐེབས་ཤིང་འབར་མའི་ནང་དུ་རྒྱ་གར་བར་རྒྱབ་གཏོད་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་འགོ་བརྩམས།

བྷང་ལ་དེ་ཤིའི་ནང་གི་རོ་ཧིན་ཁ་ཆེའི་སྐྱབས་བཅོལ་བའི་བུ་ཕྲུག #rohingya refugee children in Bangladesh.

སྤྱི་ལོ་1948ལོར་འབར་མར་རང་བཙན་ཐོབ་པ་ནས་བཟུང་འབར་མའི་སྲིད་གཞུང་གསར་པས་རོ་ཧིན་གྱའི་ཁ་ཆེ་བ་རྣམས་བྷང་ལ་དེ་ཤི་Bangladeshནས་ཡོང་བའི་ཁྲིམས་འགལ་ཡུལ་སྤོ་བར་ངོས་འཛིན་བྱས་ཏེ་འབར་མའི་གདོད་མའི་རིགས་རྒྱུད་ཀྱི་ཁོངས་སུ་ངོས་ལེན་མ་བྱས་ཤིང་ཁོང་ཚོའི་ལོ་རྒྱུས་ཀྱི་བདག་དབང་འཐབ་རྩོད་བརྩིས་མེད་བཏང་བ་རེད།         

ལོ་རྒྱུས་ཀྱི་འགལ་རྐྱེན།

མི་འབོར་གྱི་གྲུབ་ཆ་གཙོ་བོར་གྱུར་བའི་འབར་མའི་ནང་པ་ཚོ་དང་རོ་ཧིན་གྱའི་ཁ་ཆེའི་བར་རིགས་རྒྱུད་མི་གཅིག་པ་ཙམ་མ་ཡིན་པར་ལོ་རྒྱུས་ཀྱི་ཁྲོད་ནས་འགལ་འདུ་ཆེན་པོ་ཡོད་པ་ཡིན། དབྱིན་ཇིའི་དབང་བསྒྱུར་འོག་ནས་གསར་དུ་འབྱོར་བའི་ཁ་ཆེ་བ་དང་ཡུལ་མིའི་བར་ལས་ཀའི་འགྲན་རྩོད་བྱུང་བ་དང་དམག་ཆེན་གཉིས་པའི་སྐབས་སུ་རོ་ཧིན་གྱའི་ཁ་ཆེ་རྣམས་དབྱིན་ཇིའི་རྒྱབ་རྩར་ལངས་ནས་འཇར་པན་གྱི་ཕྱོགས་ཡིན་པའི་འབར་མའི་ནང་པ་ཚོ་དང་དམག་འཁྲུག་ལན་མང་བརྒྱབས་པ་རེད། 

བྱང་ཨ་ར་ཀན་ཁ་ཆེའི་མཐུན་ཚོགས།

སྤྱི་ལོ་1946ལོར་རོ་ཧིན་གྱའི་ཁ་ཆེ་བས་བྱང་ཨ་ར་ཀན་ཁ་ཆེའི་མཐུན་ཚོགས་North Arakan Muslim Leagueཟེར་བ་བཙུགས་ཤིང་རྒྱ་གར་རྒྱལ་ཡོངས་ཁ་ཆེ་མཐུན་ཚོགས་ཀྱི་གཙོ་འཛིན་མུ་ཧམ་མཌ་ཨ་ལི་ཇིན་ནཱ་Muhammed Ali Jinnahདང་། འབྲེལ་མཐུད་ལན་མང་བྱས་ཏེ་ར་ཁན་བྱང་མ་འབར་མའི་མངའ་ཁོངས་ནས་ལེན་དགོས་པའི་སྐུལ་མ་བཏང་། ཇིན་ནཱ་ཡིས་གནད་དོན་དེ་འབར་མའི་ནང་སྲིད་དང་འབྲེལ་བར་མཐོང་ནས་ངོས་ལེན་བྱས་མེད་པ་རེད། འབར་མར་རང་བཙན་ཐོབ་རྗེས་ཚོགས་པ་དེའི་འགོ་ཁྲིད་རྣམས་ཀྱིས་སྲིད་གཞུང་ལ་ཁ་ཆེ་འདུས་སྡོད་ཆེ་བའི་རྫོང་ཁག་གཉིས་པག་ཀིསི་ཐན་ལ་རྩིས་སྤྲོད་བྱ་དགོས་པའི་རེ་འདུན་བཏོན་ཡང་གྲོས་ཚོགས་ནས་ངོས་ལེན་བྱས་མེད་པ་རེད།

རོ་ཧིན་གྱའི་ཁ་ཆེ་བའི་གྱེན་ལོག་ཚོགས་པ།

 

འབར་མའི་ནང་དུ་ཏ་ལི་བྷན་དྲག་སྤྱོད་ཚོགས་པས་གསར་འཛུགས་བྱས་པའི་རོ་ཧིན་ཁ་ཆེ་སོགས་ཕྱོགས་འདུས་དྲག་སྤྱོད་ཚོགས་པ། གནས་ཚུལ་ཡོང་ཁུངས། ཨེ་ཤི་ཡ་རྒྱལ་སྤྱིའི་གསར་ཁང་།-ANI #Taliban has successfully recruited Rohingya Muslims, Bangladeshis, and Indonesian nationals and are training them in an undisclosed camp in Myanmar.

གྲོས་མོལ་གྱི་ལམ་ནས་ཕྱི་ནང་གཉིས་ཕྱོགས་ཀས་ཚོགས་པ་དེའི་རེ་འདུན་སྐོང་མ་ཐུབ་པར་བརྟེན་རོ་ཧིན་གྱའི་ཁ་ཆེ་ཚོས་གྱེན་ལོག་ཚོགས་པ་བཙུགས་Mujahideenཏེ་རང་སྲིད་རང་སྐྱོང་གི་གནས་བབ་བམ་ཡང་ན་འབར་མའི་རྒྱལ་ཁོངས་ནས་ལོགས་སུ་འདོན་རྒྱུ་ཡིན་པའི་ཆ་རྐྱེན་བཟོས་ཏེ་ཁུལ་དེའི་གཞུང་དམག་ལ་ཁ་གཏད་བཅགས། མིར་ཀ་སིམ་Mir Kassem གྱིས་སྣེ་ཁྲིད་པའི་ཁ་ཆེའི་གྱེན་ལོག་རུ་ཁག་དེས་ར་ཁན་ཡུལ་མི་(ཡུལ་དེའི་འབར་མའི་མི་སེར་ལ་གོ་)མང་པོ་ལྷོ་ཕྱོགས་སུ་བདས་ཏེ་ར་ཁན་བྱང་མ་ཕལ་ཆེ་བར་དབང་བསྒྱུར། 

སྤྱི་ལོ་1948ལོའི་ཟླ་བཅུ་གཅིག་པའི་ནང་འབར་མ་གཞུང་གིས་དྲག་པོའི་བཀའ་ཁྲིམས་ཕབས་ཏེ་དམག་ཚོ་གཉིས་ཡུལ་དེར་བཅིང་དཀྲོལ་བྱ་བར་བཏང་། དམག་འཁྲུག་ཟླ་ཤས་རིང་བརྒྱབས་རྗེས་ཁ་ཆེའི་གྱེན་ལོག་རུ་ཁག་ཤར་པག་ཀིསི་ཐན་གྱི་(ད་ལྟའི་བྷང་ལ་དེ་ཤི)ས་མཚམས་ཀྱི་ཤིང་ནགས་ཤིག་ཏུ་ཕུད་ཐུབ་པ་བྱུང་། སྤྱི་ལོ་1950ལོར་པག་ཀིསི་ཐན་གྱིས་འབར་མའི་བྱ་སྤྱོད་ལ་ཉེན་བརྡ་བཏང་ཡང་འབར་མའི་སྲིད་བློན་གྱིས་འཕྲལ་དུ་སྐུ་ཚབ་བཏང་སྟེ་རྒྱལ་ཁབ་གཉིས་ཀའི་ས་མཚམས་ཀྱི་གྱེན་ལོག་ལས་འགུལ་གང་མགྱོགས་མཚམས་འཇོག་ཡོང་ཕྱིར་ཕན་ཚུན་མཉམ་འབྲེལ་བྱ་རྒྱུའི་གྲོས་འཆར་བཏོན་པར་པག་ཀིསི་ཐན་གྱིས་ངོས་ལེན་བྱས།  སྤྱི་ལོ་1950ནས་1954བར་འབར་མའི་དམག་གིས་སྔ་ཕྱིར་མགོ་གནོན་ལས་འགུལ་ལན་འགར་སྤེལ་ཏེ་ཁ་ཆེ་གྱེན་ལོག་པར་ཕམ་ཉེས་ཆེན་པོ་བཏང་ནས་གྱེན་ལོག་པའི་འགོ་ཁྲིད་མང་པོས་མགོ་བོ་བསྒུར་དུ་བཅུག སྤྱི་ལོ་1954ལོར་གྱེན་ལོག་འགོ་དཔོན་མིར་ཀ་སིམ་པག་ཀིསི་ཐན་གྱིས་འཛིན་བཟུང་བྱས་པ་དང་གྱེན་ལོག་རུ་ཁག་ལ་རྒྱབ་རྩ་ཞན་དྲགས་པའི་རྐྱེན་གྱིས་རིམ་བཞིན་ཁ་འཐོར་ཏེ་ནུས་ཤུགས་ཉམས་རྒུད་དུ་ཕྱིན། 

ཁ་ཆེའི་ལས་འགུལ་བསྐྱར་ལོག་བརྒྱབས་པ།

སྤྱི་ལོ་1978ལོར་འབར་མ་གཞུང་གིས་གཡུ་འབྲུག་རྒྱལ་པོའི་འགུལ་སྐྱོད་Operation King Dragonཟེར་བའི་དྲག་པོའི་ལས་འགུལ་ ཞིག་སྤེལ་ཏེ་བསྐྱར་ལོག་རྒྱག་བཞིན་པའི་ཁ་ཆེའི་ལས་འགུལ་ལ་གཏོར་རྒོལ་ཚབས་ཆེན་བཏང་། སྤྱི་ལོ་1982ལོར་རོ་ཧིན་གྱའི་རྒྱལ་ཞེན་འཐབ་ཕྱོགས་Rohingya Patriotic Frontཟེར་བ་ལས་ལྟ་བ་མཐར་ལྷུང་ཅན་གྱི་རུ་ཁག་ཅིག་ལོགས་སུ་གྱེས་ཏེ་རོ་ཧིན་གྱའི་ཆིག་སྒྲིལ་ཚོགས་པ་Rohingya Solidarity Organisationཞེས་པ་གསར་དུ་བཙུགས། གྱེན་ལོག་ཚོགས་པ་དེ་དང་ཨབ་གྷན་གྱི་ཨལ་ཁཱ་དྷ་Al-Qaeda དྲག་སྤྱོད་ཚོགས་པའི་བར་དམག་སྦྱོང་དང་གོ་མཚོན་གྱི་འབྲེལ་བ་ཡོད་པའི་དཔང་རྟགས་རྙེད་ཡོད་ཅིང་། རུ་ཁག་ཏུ་ཞུགས་མཁན་ཚོར་ཕོགས་དང་གུན་གསབ་ལེགས་པོ་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། 

ཉེ་དུས་ཀྱི་ཟིང་འཁྲུག

འབར་མའི་གཞུང་དམག་གིས་མེར་སྲེག་བཏང་བའི་ར་ཁན་རོ་ཧིན་ཁ་ཆེའི་གྲོང་སྡེའི་གནས་སྟངས།#An analysis of satellite images from Myanmar found that hundreds of villages of the Rohingya ethnic minority have been set on fire since late August.

སྤྱི་ལོ་2012 ལོར་ར་ཁན་གྱི་བུད་མེད་ཅིག་རོ་ཧིན་གྱའི་སྐྱེས་པ་འགས་བཙན་གཡེམ་དམར་གསོད་བཏང་བའི་དོན་རྐྱེན་ལས་འཕྲོས་ཏེ་ཁ་ཆེ་བ་དང་ནང་པའི་བར་འཁྲུག་འཛིང་ཤུགས་ཆེར་ལངས་ཤིང་། ནང་པ་ཚོས་ཁ་ཆེའི་གཞིས་ཁྱིམ་མང་པོ་མེར་བསྲེགས་པ་དང་མི་གྲངས་200ལྷག་དམར་གསོད་བཏང་ལས་མང་ཆེ་བ་ཁ་ཆེའི་མི་ཡིན་པ་རེད། ཟིང་འཁྲུག་དེས་རྐྱེན་པས་ཁ་ཆེ་བ་སྟོང་ཕྲག་མང་པོ་བྷང་ལ་དེ་ཤི་སོགས་རྒྱལ་ཁབ་གཞན་དུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད། དམངས་གཙོར་གྱུར་མ་ཐག་པའི་འབར་མའི་སྲིད་གཞུང་གིས་ར་ཁན་མངའ་སྡེ་རུ་ཛ་དྲག་བཀའ་ཁྱབ་emergency declareབཏང་སྟེ་རྙོག་འཛིང་དེ་ཉིད་སྟངས་འཛིན་ཡོང་ཐབས་བྱས་པར་ཨ་རི་དང་ཡུ་རོབ་སྤྱི་མཐུན་སོགས་ནས་ཡི་རངས་བསྔགས་བརྗོད་བྱས་ཀྱང་རྒྱལ་སྤྱིའི་ཚོགས་ཁག་གཞན་མང་པོས་སྐྱོན་བརྗོད་བྱས་ཡོད་པ་རེད།     

ཟིང་འཁྲུག་དེའི་ཁྲོད་ནས་ཨ་ར་ཀན་རོ་ཧིན་གྱའི་སྲུང་སྐྱོབ་དམག་Arakan Rohingya Salvation Army (ARSA ཨར་ས་ཞེས་པ་དེའི་བསྡུས་མིང་ཡིན།)ཅེས་པའི་དྲག་པོའི་དཔུང་ཁག་ཅིག་གསར་དུ་བསླེབས། ཕྱི་ཕྱོགས་སུ་ཡོད་པའི་རོ་ཧིན་གྱའི་རྒྱུད་པ་ཨ་ཏ་ཨུལ་ལཱ་Ata Ullahཞེས་པས་འགོ་ཁྲིད་པའི་དཔུང་ཁག་གསར་པ་དེས་སྤྱི་ལོ་2016ལོའི་ཟླ་བ་བཅུ་པའི་ནང་ས་མཚམས་ནས་དྲག་རྒོལ་བསྟུད་མར་བྱས་ཤིང་བདེ་སྲུང་དམག་དང་ཉེན་རྟོག་པ་བཅུ་གྲངས་ཤིག་བསད། འབར་མ་གཞུང་གིས་དཔུང་ཁག་དེ་དྲག་སྤྱོད་པར་terroristངོས་འཛིན་བྱས་ཏེ་རྒོལ་ལན་ཤུགས་ཆེན་བསློགས་ནས་གྱེན་ལོག་པ་60ཙམ་བསད་པ་དང་དྲག་སྤྱོད་དོགས་ཡོད་ཀྱི་ཁ་ཆེ་བ་མང་པོ་ཞིག་འཛིན་བཟུང་བྱས།     

རོ་ཧིན་གྱའི་སྲུང་སྐྱོབ་དམག་གིས་འདི་ལོའི་སྤྱི་ཟླ་8ནང་སླར་ཡང་གཞུང་ལ་དྲག་རྒོལ་ཚབས་ཆེན་སྤེལ་བས། གཞུང་དམག་གི་མགོ་གནོན་ལས་འགུལ་འོག་ར་ཁན་མངའ་སྡེའི་ཁ་ཆེ་བ་རྣམས་ལ་དྲག་གནོན་བྱེད་མུས་ཡིན་ཞིང་། ཉེས་མེད་མི་སེར་མང་པོ་དམར་གསོད་བཏང་བ་དང་གྲོང་སྡེ་མེར་བསྲེགས་པ། བུད་མེད་ལ་བཙན་གཡེམ་བཏང་བ་སོགས་ཀྱི་དོན་རྐྱེན་འདྲ་མིན་འཕྲད་ཀྱིན་ཡོད་པས་བྱ་སྤྱོད་དེར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྟ་སྲུང་ཚན་པས་Human Rights Watchརྒྱལ་སྤྱིའི་ཁྲིམས་ལུགས་ལྟར་”རིགས་རྒྱུད་གཙང་བཟོའི་ལས་འགུལ་”campaign of ethnic cleansing ཁྲོད་ཀྱི་”འགྲོ་བ་མིའི་བདེ་རྩར་རྒྱབ་གཏོད་བྱས་པའི་ཉེས་དམིགས་“crimes against humanityབསགས་ཡོད་སྐོར་བརྗོད། འབར་མའི་གཞུང་དམག་གི་ཐལ་ཆེ་བའི་བྱ་སྤྱོད་དེ་དག་མྱུར་དུ་མཚམས་འཇོག་དགོས་པ་དང་དེའི་ཐད་རྒྱལ་ཚོགས་བདེ་སྲུང་ལྷན་ཁང་ནས་དགོས་ངེས་ཀྱི་དཔལ་འབྱོར་ཉེས་ཆད་འགེལ་དགོས་པའི་སྐུལ་མ་བྱས་ཡོད་པ་རེད།  

རོ་ཧིན་གྱའི་ཁ་ཆེའི་ཁྲིམས་ཀྱི་གནས་བབས།

རོ་ཧིན་ཁ་ཆེ་བར་གཞུང་གིས་སྤྲད་པའི་སྐབས་འཕྲལ་སྡོད་ཆོག་པའི་ལག་འཁྱེར་དཀར་པོ།#Myanmar Officials Issued White Card to Rohingyas.

སྤྱི་ལོ་1948ལོའི་འབར་མའི་མི་སེར་ཁྲིམས་ཡིག་གི་ཁྱབ་ཁོངས་ལས་རོ་ཧིན་གྱའི་ཁ་ཆེ་ཚོ་ཟུར་བཏོན་བྱས་ཏེ་མི་སེར་གྱི་ཐོབ་ཐང་སྤྲད་མེད་པ་རེད།  ཕྱིས་སུ་ལག་འཁྱེར་དཀར་པོ་White Cardཟེར་བའི་སྐབས་འཕྲལ་གནས་སྡོད་ཆོག་པའི་ཡིག་ཆ་ཞིག་བཀྲམས་ཤིང་། ལོ་ངོ་20རྗེས་སུ་མི་སེར་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་ཀྱང་ད་དུང་ལག་བསྟར་བྱས་མེད། སྤྱི་ལོ་2008ལོར་ལག་འཁྱེར་དཀར་པོ་འཛིན་མཁན་ཚོར་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་རག་པ་དང་། སྤྱི་ལོ་2014ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནོན་ཤུགས་འོག་འབར་མའི་རྒྱལ་ཡོངས་མི་འབོར་ཞིབ་བཤེར་བྱས་པའི་ཁར་རོ་ཧིན་གྱའི་ཁ་ཆེ་རྣམས་ལ་གཞུང་ཕྱོགས་ནས་ངོས་འཛིན་ཐོག་མ་ཐོབ་ཡོད། འོན་ཀྱང་། ནང་པ་ཚོས་ངོ་རྒོལ་ཤུགས་དྲག་བྱས་པར་བརྟེན་ཁོང་ཚོས་བྷེན་གྷ་ལའི་མིའི་མིང་ཐོག་ནས་ཐོ་འགོད་བྱས་ན་མ་གཏོགས་ངོས་ལེན་མེད་པར་གྱུར་ཞིང་ལག་འཁྱེར་དཀར་པོའི་ཐོབ་ཐང་ཡང་ཕྱིར་བསྡུ་བྱས་པ་རེད།

རོ་ཧན་གྱའི་ཁ་ཆེའི་སྤྱི་ཚོགས་གནས་བབ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རོན་ཧིན་གྱའི་ཁ་ཆེ་བ་རྣམས་འཛམ་གླིང་ཐོག་གདུག་སྦྱོང་མང་ཤོས་མྱོང་མཁན་གྱི་གྲངས་ཉུང་མི་རིགས་ཤིག་ཏུ་ངོས་འཛིན་བྱས་ཡོད་པ་ལྟར་གཉེན་སྒྲིག་དང་ཁྱིམ་ཚང་གི་འཆར་གཞི། ལས་དོན། ཆོས་དད་རང་མོས། ཤེས་ཡོན་དང་འགྲུལ་སྐྱོད་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་གཞུང་ཕྱོགས་ནས་བཀག་སྡོམ་དང་ཚོད་འཛིན་ནན་པོ་བྱེད་ཀྱིན་ཡོད་པ། དཔེར་ན། ཁོང་ཚོའི་ཁྱིམ་ཚང་རེར་ཕྲུ་གུ་གཉིས་ལས་མང་བ་བཙའ་མི་ཆོག་པ་དང་། གཉེན་སྒྲིག་བྱེད་པར་གཞུང་ལ་ཆོག་མཆན་ཞུ་དགོས་པ། གཉེན་སྒྲིག་གི་དུས་སུ་ཁ་ཆེའི་ལམ་སྲོལ་དང་མི་མཐུན་པའི་ཆ་རྐྱེན་སྒྲུབ་དགོས་པ། ཕྱོགས་གཞན་དུ་སྐྱོད་པར་གཞུང་གི་ཆོག་མཆན་ཡོད་དགོས་པ། ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་བཀག་སྡོམ་ཆེ་བ་སོགས་ཉིན་རེའི་འཚོ་བའི་ཐད་ལ་ཕྱོགས་ཡོངས་ནས་སུན་བཙིར་ཆེན་པོ་བྱེད་ཀྱིན་ཡོད་པ་རེད།

ལྷག་པར་དུ་རག་ཁན་ནི་མངའ་སྡེའི་ཚང་མའི་ནང་ནས་སྐྱོ་ཤོས་ཡིན་ཞིང་མི་འབོར་བརྒྱ་ཆ་78%ཙམ་དབུལ་ཕོངས་ཀྱི་གནས་སུ་གྱར་ཡོད་པས་འབར་མའི་ཆ་སྙོམ་དབུལ་ཕོངས་ཀྱི་གྲངས་ཚད་ལས་བརྒྱ་ཆ་40%ལྷག་གིས་མཐོ་བ་ཡོད། རོ་ཧིན་གྱའི་ཁ་ཆེ་རྣམས་ལ་ཁྲིམས་མཐུན་ཡིག་ཆ་གང་ཡང་མེད་པར་བརྟེན་གཞུང་གི་འཛུགས་སྐྲུན་དང་ལས་གནས་ཀྱི་ཁེ་ཕན་སོགས་ལེན་མི་ཐུབ་པ་མ་ཟད་སྒེར་གྱིས་ཚོང་གཉེར་དང་ལས་དོན་ཆེ་བའི་རིགས་བྱ་བར་འགོག་རྐྱེན་ཆེན་པོ་འཕྲད་ཀྱི་ཡོད་པ་རེད།

རོ་ཧིན་ཁ་ཆེའི་ལས་དབང་སྐྱུར་མོ།#There’s a massive humanitarian crisis in Bangladesh’s Rohingya refugee camps.

རོ་ཧིན་གྱའི་ཁ་ཆེའི་སྐྱབས་བཅོལ་གནས་སྟངས།

སྤྱི་ལོ་2012ནས་བཟུང་ད་བར་རོ་ཧིན་གྱའི་ཁ་ཆེ་བ་ཁྲི་ཕྲག་མང་པོ་ར་ཁན་མངའ་སྡེ་རུ་བདེ་འཇགས་ངང་འདུག་ཐབས་བྲལ་ཏེ། སྔ་ཕྱིར་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དེ་ཤི་དང་རྒྱ་གར། མཱ་ལེ་ཤི་ཡ། ཨིན་ཌོ་ནེ་ཤི་ཡ་སོགས་རྒྱལ་ཁབ་དུ་མའི་ནང་སྐྱབས་བཅོལ་ཞུས་ཡོད་ཅིང་། ཕལ་ཆེ་བ་ཟིང་འཁྲུག་གི་སྐབས་སུ་དམག་མིའི་དྲག་གནོན་དང་ཡུལ་མིའི་འཇིགས་སྐུལ་ལ་མ་བཟོད་པར་ས་མཚམས་ཁག་ནས་སྲུང་དམག་གི་གནོད་འཚེ་དང་མཚོ་ཐོག་གི་ཉེན་ཁ་བརྒྱུད་དེ་བྲོས་བྱོལ་དུ་སོང་བ་ཤ་སྟག་ཡིན་པ་རེད།

ད་ལོའི་ཟླ་བརྒྱད་པ་ནས་ད་བར་རོ་ཧིན་གྱའི་ཁ་ཆེ་བ་519000(མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ།)ཙམ་ས་མཚམས་བརྒལ་ཏེ་བྷང་ལ་དེ་ཤིར་སྐྱབས་བཅོལ་དུ་འབྱོར་ཡོད་ཅིང་དེའི་ནང་ནས་ཕལ་ཆེ་བ་བུད་མེད་དང་བྱིས་པ་ཡིན་པ་རེད། སྐྱབས་བཅོལ་དུ་ཡོང་བའི་ལམ་བར་ནས་རྨས་སྐྱོན་འཕོག་པ་དང་ཤི་བ་སོགས་ཀྱི་གནས་ཚུལ་ཡང་ཧ་ཅང་མང་པོ་ཐོན་ཡོད། 

བྷང་ལ་དེ་ཤིིའི་ནང་ཡོད་རོ་ཧིན་ཁ་ཆེའི་སྐྱབས་བཅོལ་གནས་སྡོད་ཁང་གི་གནས་བབ།#Rohingya refugees walk next to huts in a makeshift camp in Bangladesh’s Cox’s Bazar district.

ད་ལྟའི་ཆར་བྷང་ལ་དེ་ཤིའི་ནང་ཁྱོན་བསྡོམས་རོ་ཧིན་གྱའི་སྐྱབས་བཅོལ་བ་འབུམ་བརྒྱད་ཙམ་འབྱོར་ཡོད་ཅིང་སྐྱབས་བཅོལ་བའི་སྡོད་སྒར་ཡོངས་རྫོགས་ཁེངས་ནས་འཐུང་ཆུ་དང་ཟས་གོས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཀྱིན་ཡོད་ལ་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་དེ་ཨ་སྒོར་ས་ཡ་103ཙམ་གྱི་རོགས་སྐྱོར་འབྱོར་ཡང་། དཀའ་ཁག་གི་བརྒྱ་ཆ་23%ཙམ་མ་གཏོགས་སེལ་ཐུབ་མེད་པ་དང་སྐྱབས་བཅོལ་བའི་གྲངས་འབོར་ཉིན་རེ་ནས་ཉིན་རེར་འཕར་བཞིན་ཡོད་པ་རེད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།