འཕྲུལ་འཁོར་སྐྱོན་ཅན་གྱི་གནམ་གྲུ་11མཁའ་ནས་ཕབ་པ་དང་54ཕྱིར་འཐེན། ཐད་སྤེལ།

0
1137
ཨིན་ཌི་གྷོ་རྟགས་ཅན་གྱི་གནམ་གྲུ། ད་ལྟ་རྒྱ་གར་ནང་གི་གནམ་གྲུ་མང་ཤོས་དང་མཁའ་ལམ་ཁྲོམ་ར་ཆེ་ཤོས་འཛིན་བཞིན་ཡོད།#IndiGo operates 1,000 flights a day catering to about 40 per cent domestic flyers.


རྒྱ་གར། ལྡི་ལི་གསར་པ། སྤྱི་ལོ་
2018ཟླ་3ཚེས་13ཉིན། ད་ལྟ་རྒྱ་གར་གྱི་དཔལ་འབྱོར་དུས་བབ་(Economic Times)དང་བརྙན་འཕྲིན་གསར་ཁང་ཆེ་གྲས་NDTVལ་སོགས་པས་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། དེ་རིང་སྔ་དྲོ་རྒྱ་གར་གཞུང་མི་དམངས་མཁའ་འགྲུལ་རྟོགས་ཞིབ་ཚོགས་པས་(DGCA)ཨིན་ཌི་གྷོ་(Indigo)ཚོང་རྟགས་ཅན་གྱི་གནམ་གྲུ་11གི་འཕྲུལ་འཁོར་ལ་སྐྱོན་ཡོད་པའི་གནད་དོན་འོག་མཁའ་ཐོག་ནས་ཕབ་ཡོད་པའི་གནས་ཚུལ་ཐོན་ཞིང་། དེ་རྗེས་ས་ཐོག་ནས་འཕུར་སྐྱོད་བྱ་འཆར་ཡོད་པའི་གནམ་གྲུ་ཁྱོན་54འཕུར་སྐྱོད་མ་ཆོག་པར་བཀག་འགོག་བྱས་ཡོད་པའི་གནས་ཚུལ་བརྗོད། དེ་ལྟར་ཁ་སང་བལ་ཡུལ་གྱི་རྒྱལ་སར་བྷང་ལ་རྡེ་ཤིའི་གནམ་གྲུ་US-Bangla-211རྟགས་ཅན་དེ་ཉིད་བརྡབ་སྐྱོན་བྱུང་བ་དང་འབྲེལ་ད་ལྟའི་ཆར་ས་གནས་གང་སར་མཁའ་ལམ་བདེ་འཇགས་ཐད་ཅུང་ཚ་ཚ་འུར་འུར་དུ་འགྱུར་བཞིན་ཡོད་འདུག

གནམ་གྲུ་དེ་དག་ནི་རྒྱ་གར་གྱི་སྒེར་བདག་མཁའ་འགྲུལ་ཚོང་ཚོགས་ཆེ་ཤོས་ཨིན་ཌི་གྷོ་(Indigo)ཚོང་རྟགས་ཅན་གྱི་གནམ་གྲུ་48དང་། རྒྱ་གར་གྱི་མཁའ་འགྲུལ་ཚོང་ཚོགས་ཆེ་ཤོས་ལྔ་པ་གྷོ་ཨེར་(GoAir)ཚོང་རྟགས་ཅན་གྱི་གནམ་གྲུ་18བཅས་ཡིན་པ་རེད་འདུག དེ་ལྟར་མཁའ་འགྲུལ་ཚོང་ཚོགས་དེ་གཉིས་ཀྱིས་འགྲུལ་པ་རྣམས་ལ་གནམ་གྲུ་གཞན་གོ་སྒྲིག་བྱ་དགོས་ཁེལ་འདུག་ཅིང་། མཁའ་འགྲུལ་ཕྱིར་འཐེན་བྱ་འདོད་པའི་འགྲུལ་པ་རྣམས་ལ་འཛིན་བྱང་གི་དངུལ་ཕོན་ཡོངས་སུ་ཕྱིར་སྤྲོད་བྱས་ཡོད་པའི་གནས་ཚུལ་བརྗོད། ཨིན་ཌི་གྷོ་(Indigo)ཚོང་ཚོགས་ཀྱིས་ཉིན་རེར་རྒྱལ་སྤྱི་དང་རྒྱལ་ནང་ལྷན་དུ་གནམ་གྲུ་འཕུར་སྐྱོད་ཁྱོན་ཐེངས་1000བྱེད་བཞིན་ཡོད་པ་དང་། གྷོ་ཨེར་(GoAir)གྱིས་ཉིན་རེར་རྒྱ་གར་ནང་ཁྱོན་གནམ་གྲུ་འཕུར་སྐྱོད་ཐེངས་230བྱེད་བཞིན་ཡོད་པ་རེད་འདུག

གྷོ་ཨེར་ལ་མཚོན་ན་ཡང་སྤྱི་ལོ་2005ཟླ་11ཚེས་4ཉིན་ཤར་གཏོང་བྱས་པའི་རྒྱ་གར་གྱི་སྒེར་བདག་མཁའ་འགྲུལ་ཚོང་ཚོགས་ཤིག་ཡིན།#GoAir was founded in 2005 by Jehangir Wadia, son of Indian industrialist Nusli Wadia. The airline is a wholly owned subsidiary of the Wadia Group.

ཨིན་ཌི་གྷོ་མཁའ་འགྲུལ་ཚོང་ཚོགས་ཀྱིས་གསར་འགོད་པར་བརྗོད་དོན།“ང་ཚོས་གནམ་གྲུ་ཕྱིར་འཐེན་བྱས་དོན་ནི་དང་ཐོག་ང་ཚོའི་གནམ་གྲུ་11བདེ་འཇགས་ཀྱི་གནད་དོན་འོག་གཞུང་ཕྱོགས་རྟོགས་ཞིབ་ཚོགས་པས་ས་ཐོག་ལ་ཕབ་པ་རེད། ལྷག་མ་རྣམས་ང་ཚོས་བདེ་འཇགས་རྟོགས་ཞིབ་འཕར་མ་བྱ་ཆེད་ཕྱིར་འཐེན་བྱས་པ་ཡིན། དེ་བཞིན་འགྲུལ་པ་རྣམས་ལ་གནམ་གྲུ་གཞན་གོ་སྒྲིག་བྱེད་བཞིན་ཡོད་ལ། གལ་སྲིད་མུ་མཐུད་འགྲུལ་བཞུད་བྱ་མི་འདོད་པ་རྣམས་ལ་འཛིན་བྱང་གི་དངུལ་ཕོན་ཡོངས་སུ་ཕྱིར་སློག་བྱས་པ་ཡིན། དེ་བཞིན་ས་གནས་གཞན་ལ་ཕབ་པའི་འགྲུལ་པ་རྣམས་ལ་ང་ཚོས་མགྲོན་ཁང་སོགས་ཡོངས་སུ་གོ་སྒྲིག་བྱེད་བཞིན་ཡོད།”ཅེས་བརྗོད་འདུག

ཨིན་ཌི་གྷོ་ནི་རྒྱ་གར་གྱི་ཧར་ཡ་ན་(Haryana)མངའ་སྡེ་ནང་ཡོད་ཚོང་ལས་གྲོང་ཁྱེར་གྷུ་རུ་གྷ་རམ་(Gurugram)དུ་གཞི་རྟེན་བྱས་པའི་རྒྱ་གར་གྱི་སྒེར་བདག་མཁའ་འགྲུལ་ཚོང་ཚོགས་ཤིག་ཡིན། སྤྱི་ལོ་2005ཟླ་8ཚེས་4ཉིན་ཤར་གཏོང་བྱས་པ་དང་། སྤྱི་ལོ་2018ལོ་འགོར་རྒྱ་གར་རྒྱལ་ཡོངས་ཀྱི་མཁའ་འགྲུལ་ཞབས་ཞུའི་གྲངས་ཚད་ཀྱི་རྩེར་སོན་སྟེ། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ཀྱི་མཁའ་འགྲུལ་བརྒྱ་ཆ་40%ཨིན་ཌི་གྷོ་ཡིས་ཟིན་ཡོད་པ་རེད་འདུག གྷོ་ཨེར་ལ་མཚོན་ན་ཡང་སྤྱི་ལོ་2005ཟླ་11ཚེས་4ཉིན་ཤར་གཏོང་བྱས་པའི་རྒྱ་གར་གྱི་སྒེར་བདག་མཁའ་འགྲུལ་ཚོང་ཚོགས་ཤིག་ཡིན། ལས་ཁུངས་ཨ་མ་རྒྱ་གར་གྱི་དཔལ་འབྱོར་གྲོང་ཁྱེར་མོམ་བྷེ་རུ་གཞི་རྟེན་བྱས་ཤིང་། ད་ལྟའི་ཆར་རྒྱ་གར་གྱི་མཁའ་ལམ་ཞབས་ཞུའི་བརྒྱ་ཆ་8.4%ཟིན་གྱི་ཡོད་པ་རེད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།