འཁྱགས་པའི་དུས་རབས་ཀྱི་རྐང་རྗེས་རྙེད་པ། བྱང་ཨ་མེ་རི་ཁ།

0
1230
སྤྱི་ལོ་2014ལོར་ཁེ་ན་ཊའི་ཞིང་ཆེན་བྷྲི་ཊེ་ཤི་ཀོ་ལོམ་བྷི་ཡ་ནས་རྙེད་པའི་ལོ་ངོ་13,000ཡར་སྔོན་གྱི་རྐང་རྗེས།#A digitally enhanced photo of a footprint found at Calvert Island, British Columbia that researchers dated to 13,000 years old. Credit Duncan McLaren.

ཨ་རི། ནེའུ་ཡོག སྤྱི་ལོ་2018ཟླ་3ཚེས་31ཉིན། དེ་རིང་སྔ་དྲོ་ཨ་རིའི་ཚན་རིག་དང་རིག་དངོས་བརྟག་ཞིབ་ཚོགས་པ་གྲགས་ཅན་སཱི་མི་རྡི་-སོ་ནི་ཡཱན་(Smith Sonian)དང་ནེའུ་ཡོག་དུས་བབ་སོགས་ཀྱིས་གནས་ཚུལ་སྤེལ་གསལ། ད་བར་འཛམ་གླིང་ནང་ནས་རྙེད་པའི་འགྲོ་བ་མིའི་རྐང་རྗེས་ཆེས་རྙིང་ཤོས་དེ་ནི། སྤྱི་ལོ་2014ལོར་ཁེ་ན་ཊའི་ཞིང་ཆེན་བྷྲི་ཊེ་ཤི་ཀོ་ལོམ་བྷི་ཡ་(British Columbia)ནས་རྙེད་པའི་ལོ་ངོ་13,000ཡར་སྔོན་གྱི་རྐང་རྗེས་གྲངས་28དེ་དག་ཡིན། འོན་ཀྱང་། བདུན་འདིའི་རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཚན་རྩལ་ཞིབ་འཇུག་རྩོམ་སྒྲིག་དྲ་ཚིགས་(Plos one)ཞེས་པའི་ཐོག་རྩོམ་ཡིག་གསར་པ་ཞིག་སྤེལ་དོན་ལྟར་ན། གོང་གི་རྐང་རྗེས་རྙེད་མཁན་གྱི་གནའ་ཤུལ་རྟོགས་ཞིབ་ཚོགས་པ་དེ་ཉིད་ཀྱིས་མུ་མཐུད་སྤྱི་ལོ་2015-2016སྔར་གྱི་རྟོགས་ཞིབ་ས་ཁུལ་རྒྱ་སྐྱེད་བཏང་སྟེ་རྐང་རྗེས་གསར་པ་ཁྱོན་29རྙེད་ཡོད་པའི་གནས་ཚུལ་བརྗོད། རྐང་རྗེས་གསར་པ་དེ་དག་ནི་ཁྱོན་ལོ་ངོ་11000-14000ཡར་སྔོན་གྱི་མིའི་རྐང་རྗེས་ཡིན་སྐོར་བརྗོད་བཞིན་འདུག

རྐང་རྗེས་དེ་དག་རྙེད་ཡུལ་ནི་ཁེ་ན་ཊའི་ཞི་བདེའི་རྒྱ་མཚོའི་མཚོ་ཁ་ནས་ཡིན་པ་རེད་འདུག  ཞིབ་འཇུག་པ་དག་གིས་བརྗོད་དོན་དུ།“རྐང་རྗེས་དེ་དག་ནི་འཁྱགས་པའི་དུས་རབས་ཀྱི་མཇུག་ཙམ་གྱི་རྐང་རྗེས་ཡིན་པར་མངོན་ཞིང་། མི་རྒན་གཉིས་དང་ཕྲུ་གུ་གཅིག་གི་རྐང་རྗེས་ཡིན་ཚོད་འདུག རྐང་རྗེས་ཀྱི་རྗེས་ཤུལ་ན་རྐང་པའི་མཐེ་བོང་དང་རྟིང་པའི་པར་རྗེས་ཧ་ཅང་གསལ་པོ་འདུག”ཅེས་བརྗོད་འདུག དེ་བཞིན་ཞིབ་འཇུག་ཚོགས་པ་དེ་ཉིད་ཀྱི་གཙོ་ཁྲིད་པ་ཁེ་ན་ཊའི་ཝེག་ཊོ་རི་ཡ་གཙུག་ལག་སློབ་ཆེན་(University of Victory)གྱི་གནའ་ཤུལ་རྟོགས་ཞིབ་མཁས་དབང་རྒན་མཱེག་ལ་རེན་(Duncan Mclaren)ལགས་ཀྱིས་འགྲེལ་བརྗོད་བྱ་རྒྱུར།“ད་ལན་གྱི་གསར་རྙེད་དེས་འཁྱགས་པའི་དུས་རབས་མཇུག་མའི་སྐབས་སུའང་ས་གནས་དེ་གར་འགྲོ་བ་མིས་འཚོ་གནས་བྱས་ཡོད་པ་གསལ་སྟོན་བྱས་ཡོད།”ཅེས་བརྗོད་འདུག

ཀལ་ཝར་ཊི་མཚོ་གླིང་ནི་བྱང་ཨ་མེ་རི་ཁའི་ཁུལ་དུ་འགྲོ་བ་མིའི་འཚོ་སྡོད་བྱ་ཡུལ་ཆེས་སྔ་ཤོས་སུ་གྱུར་ཡོད།#An aerial view of Calvert Island, where researchers say the discovery of footprints supports a hypothesis that early human settlers of North America ventured along the Pacific coastline. Credit Keith Holmes/Hakai Institute.

ཁེ་ན་ཊའི་ཞི་བདེ་རྒྱ་མཚོའི་མཚོ་ཁ་ནས་རྙེད་པའི་རྐང་རྗེས་དེ་དག་གིས་གསལ་བརྗོད་བྱས་པ་ཞིག་ནི། མཚོ་གླིང་དེའི་ཐོག་ཏུ་འཚོ་སྡོད་བྱ་མཁན་གྱི་མི་རྣམས་ནི་ཁེ་ན་ཊའི་སྐམ་ས་བརྒྱུད་ནས་ཡོང་བ་ཞིག་མིན་པར་མཚོ་ལམ་བརྒྱུད་ནས་ཨེ་ཤི་ཡ་དང་། བྱང་ཨ་མེ་རི་ཁ་བརྒྱུད་ནས་ཡོང་བ་ཡིན་པའི་དཔང་རྟགས་དུ་མ་ཞིག་གསལ་སྟོན་བྱས་ཡོད་སྐོར་གླེང་བཞིན་འདུག ད་དུང་། དེ་ཁུལ་གྱི་ཀལ་ཝར་ཊི་མཚོ་གླིང་ནི་བྱང་ཨ་མེ་རི་ཁའི་ཁུལ་དུ་འགྲོ་བ་མིའི་འཚོ་སྡོད་བྱ་ཡུལ་ཆེས་སྔ་ཤོས་སུ་གྱུར་ཡོད། དེ་ཡང་མཚོ་གླིང་དེ་ནས་ལོ་ངོ་14000ལྷག་འདས་པའི་གནའ་ཤུལ་རྙེད་སོན་བྱུང་ཡོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།