ཟླ་བའི་སྟེང་ཡུལ་སྐོར་སྐྱོད་མཁན་ཐོག་མ་གཏན་ཁེལ། འབྱུང་འགྱུར་གྱི་ཚོང་ལས་གསར་པ།

0
1200
ཟླ་བར་ཡུལ་སྐོར་འགྲུལ་བཞུད་དེའི་མིང་ལ་བརྩེ་བའི་ཟླ་བ་ཞེས་གཏན་འབེབ་བྱས་ཟིན་འདུག#Maezawa plans to fly on the trip as early as 2023, and he wants to take artists with him to turn the entire ride into an art project called #dearMoon.

ཨ་རི། ཁ་ལི་ཧྥོར་ནི་ཡ། སྤྱི་ལོ་2018ཟླ་9ཚེས་24ཉིན། ཉིན་ཤས་ནང་རྒྱལ་སྤྱིའི་ཚན་རྩལ་གསར་ཁང་ཁག་གིས་ལོ་རྒྱུས་རང་བཞིན་ཅན་གྱི་ཚ་གླེང་གནས་ཚུལ་གལ་ཆེན་ཞིག་སྤེལ་བཞིན་པ་ནི། བདུན་འདིའི་ནང་ཨ་རིའི་སྒེར་གྱི་མཁའ་སྐྱོད་ཚན་རྩལ་ཚོང་ཚོགས་གྲགས་ཅན་(SpaceX)ཡི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཨི་ལོན་མུག་སི་(Elon Musk)ལགས་ཀྱིས་ཡོངས་གྲགས་སྤེལ་དོན། ཉི་ཧོང་བ་ཨ་སྒོར་ཐེར་འབུམ་གྱི་བདག་པོ་འབྱོར་ལྡན་ཚོང་པ་ཡུ་ས་ཁུ་(Yusaku Maezawa)ཟླ་བའི་ཐོག་ཡུལ་སྐོར་སྐྱོད་མཁན་ཆེས་ཐོག་མ་དེ་ཉིད་དུ་གཏན་ཁེལ་བྱུང་བའི་གསལ་བསྒྲགས་སྤེལ་འདུག  ཉི་ཧོང་བའི་ཚོང་པ་སྐུ་ཞབས་ཡུ་ས་ཁུ་ནི་ཉི་ཧོང་གི་དྲ་ཐོག་ཚོང་ཁང་ཆེ་ཤོས་(zozotown)ཞེས་པ་གསར་འཛུགས་བྱེད་མཁན་དེ་ཉིད་ཡིན་པ་དང་། ཁོང་གི་ད་ལྟའི་རྒྱུ་ནོར་ཁྱོན་གྱི་རིན་ཐང་ཨ་སྒོར་ཐེར་འབུམ་2.9ཟིན་གྱི་ཡོད་འདུག

ད་ལྟ་ཨ་རིའི་སྒེར་གྱི་མཁའ་སྐྱོད་ཚོང་ཚོགས་(SpaceX)ཀྱིས་བྱ་རྒོད་འཕུར་མདའ་ཆེན་པོ་(Big Falcon Rocket)ཞེས་མེ་ཤུགས་འཕུར་མདའ་ཧ་ཅང་ཆེན་པོ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། མཁའ་སྐྱོད་ཚོང་ཚོགས་དེའི་འགྲུལ་པ་ཐོག་མར་གཏན་ཁེལ་བ་སྐུ་ཞབས་ཡུ་ས་ཁུ་སྤྱི་ལོ་2023བར་ཟླ་བའི་གོ་ལའི་ཐོག་ཡུལ་སྐོར་བསྐྱོད་ཐུབ་པ་བྱ་འཆར་ཡོད་པ་རེད་འདུག ཞོར་འཕྲོས་ལྟ་བུར་འདི་ག་བོད་ཀྱི་དེ་ཕོ་གསར་ཁང་ནས་དབྱེ་ཞིབ་ལྟ་ཀློག་བྱས་པ་བརྒྱུད་ཤེས་རྟོགས་བྱུང་གསལ་ལྟར་ན། དེ་ཡང་འབྱུང་འགྱུར་ལོ་ངོ་བཅུ་ཕྲག་གཅིག་ཙམ་ནང་འཛམ་གླིང་ཐོག་ལོ་རྒྱུས་རང་བཞིན་ཅན་གྱི་འགྱུར་ལྡོག་རླབས་ཆེན་འགྲོ་གཏན་ཁེལ་ཞིང་། བསམ་བརྗོད་ལས་འདས་པའི་འགྱུར་ལྡོག་ཚད་མེད་འབྱུང་རྒྱུ་ངེས་གཏན་དུ་གྱུར་འདུག། ད་དུང་། རིམ་གྱིས་མིའི་ཚེ་སྲོག་གི་ཡུན་ཚད་ཀྱང་ཧ་ཅང་རིང་པོར་འགྱུར་རྒྱུའི་སྔོན་གླེང་བྱེད་བཞིན་པ་དང་། སྨན་བཅོས་སྔོན་ཐོན། དབང་པོ་ངོ་མ་གསར་བཟོ། ནད་རིགས་རང་བཅོས་སོགས་ཀྱི་ཚན་རྩལ་མངོན་འགྱུར་བྱུང་ཟིན་པ་དང་ཁྱད་མེད་དུ་གྱུར་འདུག

སྤྱིར་ཉི་ཧོང་བའི་ཚོང་པ་ཡུ་ས་ཁུ་ནི་སྒྱུ་རྩལ་ལ་ཤིན་ཏུ་དུངས་མཁན་ཞིག་ཡིན་པ་དང་། ཨ་སྒོར་ས་ཡ་བརྒྱ་ཕྲག་གིས་སྒྱུ་རྩལ་འབྲེལ་ཡོད་ཅ་དངོས་ཉོ་སྒྲུབ་བྱེད་མཁན་ཞིག་ཡིན་པ་རེད་འདུག#Maezawa, who is 42, reportedly has a current net worth of $2.9 billion, according to Forbes. He is also an avid art collector, and he spent $110.5 million on a 1982 painting by Jean-Michel Basquiat called Untitled last year.

སྐབས་དོན་གནས་ཚུལ་དངོས་ནི་གང་མགྱོགས་འགྲོ་བ་མིའི་ལོ་རྒྱུས་ཁྲོད་ཟླ་བའི་གོ་ལའི་ཐོག་ཡུལ་སྐོར་དུ་བསྐྱོད་རྒྱུའི་ལོ་རྒྱུས་དངོས་འབྲི་འགོ་ཚུགས་ཟིན། ཉི་ཧོང་བ་སྐུ་ཞབས་ཡུ་ས་ཁུ་ཡིས་སྐབས་དེར་ཟླ་བའི་གོ་ལའི་ཐོག་བསྐྱོད་སྐབས་རང་ཉིད་དང་ལྷན་དུ་སྒྱུ་རྩལ་མི་སྣ་འདྲ་མིན་ལྷན་དུ་འཁྲིད་རྒྱུ་ཡིན་པ་དང་། ཟླ་བར་ཡུལ་སྐོར་འགྲུལ་བཞུད་དེའི་མིང་ལ་བརྩེ་བའི་ཟླ་བ་(Dear Moon)ཞེས་གཏན་འབེབ་བྱས་ཟིན་འདུག ཁོང་གིས་བརྗོད་དོན་ལྟར་ན་མིའི་རིགས་ཀྱི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེ་བཞིན་སྒྱུ་རྩལ་རང་བཞིན་ཅན་དུ་བསྒྱུར་རྒྱུ་ཡིན་སྐོར་བརྗོད་ཅིང་། འགྲུལ་བཞུད་དེ་ཉིད་སྐབས་དེར་དྲ་ཐོག་ཐད་སྟོན་བྱ་རྒྱུའི་གསལ་བསྒྲགས་སྤེལ་སོང་། དྲ་ཚིགས་དེ་ཡང་གསར་བཟོ་ཟིན་འདུག (https://dearmoon.earth)

སྐབས་དེར་ཁོང་དང་ལྷན་དུ་སྒྱུ་རྩལ་མི་སྣ་སྣ་ཚོགས་འཁྲིད་འཆར་ཡོད་པ་ནི། རི་མོ་བ། རོལ་མོ་བ། གློག་བརྙན་འཁྲབ་ཁྲིད་པ། གྱོན་ཆས་འཆར་འགོད་པ་སོགས་སའི་གོ་ལ་ལས་ཐོན་སྟེ་ཟླ་བའི་གོ་ལར་མྱུལ་ཞིབ་བྱས་ཏེ་སྔར་བྱུང་མྱོང་མེད་པའི་གསར་གཏོད་དང་མྱོང་ཚོར་བསྐྲུན་རྒྱུ་ཡིན་སྐོར་བརྗོད་འདུག སྤྱིར་ཉི་ཧོང་བའི་ཚོང་པ་ཡུ་ས་ཁུ་ནི་སྒྱུ་རྩལ་ལ་ཤིན་ཏུ་དུངས་མཁན་ཞིག་ཡིན་པ་དང་། ཨ་སྒོར་ས་ཡ་བརྒྱ་ཕྲག་གིས་སྒྱུ་རྩལ་འབྲེལ་ཡོད་ཅ་དངོས་ཉོ་སྒྲུབ་བྱེད་མཁན་ཞིག་ཡིན་པ་རེད་འདུག ད་ལན་ཡང་ཁོང་གིས་སྐབས་དེའི་ཟླ་བའི་གོ་ལའི་འགྲུལ་བཞུད་སྐབས་འཕུར་མདའི་རྐུབ་སྟེགས་ཡོངས་སུ་ཉོས་ཏེ། སྒྱུ་རྩལ་མི་སྣ་དེ་དག་ལ་རིན་མེད་ངང་ལོ་རྒྱུས་རང་བཞིན་ཅན་གྱི་མྱོང་ཚོར་གྱི་གོ་སྐབས་དེ་བཞིན་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་འདུག

སྐུ་ཞབས་ཡུ་ས་ཁུ་དངོས་སུ་བདུན་སྔོན་མའི་ནང་ཨ་རིའི་མཁའ་སྐྱོད་ཚོང་ཚོགས་དེའི་ལས་ཁུངས་སུ་བཅར་ཏེ་གནས་ཚུལ་དེ་ཉིད་ཡོངས་གྲགས་སྤེལ་སོང་། གཡོན། མཁའ་སྐྱོད་ཚོང་ཚོགས་དེའི་སྤྱི་ཁྱབ་འགན་འཛིན་ཨི་ལོན་མུག་སི། གཡོན། སྐུ་ཞབས་ཡུ་ས་ཁུ།#Musk said that Maezawa actually came to SpaceX with the idea to do this flight.

སྐུ་ཞབས་ཡུ་ས་ཁུ་དངོས་སུ་བདུན་སྔོན་མའི་ནང་ཨ་རིའི་མཁའ་སྐྱོད་ཚོང་ཚོགས་དེའི་ལས་ཁུངས་སུ་བཅར་ཏེ་གནས་ཚུལ་དེ་ཉིད་ཡོངས་གྲགས་སྤེལ་རྗེས། གསར་འགོད་པས་ཁོང་ལ་བསམ་ཡུལ་ལས་འདས་པའི་འགྲུལ་བཞུད་དེར་མ་གནས་ཨ་སྒོར་ཇི་ཙམ་ཤོར་ཡོད་མིན་དྲིས་སྐབས། ཁོང་གིས་དམིགས་བསལ་ལན་འདེབས་ཅི་ཡང་གནང་མི་འདུག འོན་ཀྱང་། ཁོང་གིས་བརྗོད་གསལ་ཁོང་དང་ལྷན་དུ་བསྐྱོད་མཁན་གྱི་སྒྱུ་རྩལ་མི་སྣ་དེ་དག་རིན་མེད་ངང་ཁོང་དང་ལྷན་དུ་འཁྲིད་རྒྱུ་ཡིན་ཞེས་བརྗོད་འདུག མཁའ་སྐྱོད་ཚན་རྩལ་ཚོང་ཚོགས་དེའི་སྤྱི་ཁྱབ་འགན་འཛིན་སྐུ་ཞབས་ཨི་ལོན་མུག་སི་ལགས་ཀྱིས་འགྲེལ་བརྗོད་བྱས་དོན་ལྟར་ན།“སྐུ་ཞབས་ཡུ་ས་ཁུ་ཡིས་སྤྲད་པའི་དངུལ་འབོར་དེས་ང་ཚོས་བཟོ་སྐྲུན་བྱེད་བཞིན་པའི་བྱ་རྒོད་འཕུར་མདའ་ཆེན་པོའི་བཟོ་སྐྲུན་ཐད་ནུས་པ་ངེས་ཅན་ཐོན་ཡོད། དེ་ནི་ཁོང་གིས་རང་ཉིད་ཀྱི་དངུལ་རང་ཉིད་ཀྱི་ཁའི་ནང་དུ་བླུགས་པ་དང་གཅིག་མཚུངས་རེད། ཁོང་ནི་དངོས་གནས་གནས་ལུགས་རྒྱུ་མཚན་རྟོགས་མཁན་ཞིག་རེད།”ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།