ཞི་ཅིན་ཕིན་གྱིས་ཨ་ཧྥི་རི་ཁར་སྐྱོབ་གསོ་ཨ་སྒོར་ཐེར་འབུམ་60སྤྲད་འདུག ཚ་གླེང་།

0
947
རྒྱ་ནག་གཞུང་གིས་ཨ་ཧྥི་རི་ཁར་སྐྱོབ་གསོ་ཁྱོན་ཨ་སྒོར་ཐེར་འབུམ་60སྤྲོད་རྒྱུ་ཡིན་ཞེས་བརྗོད་འདུག#Chinese President Xi Jinping has announced a $60 billion package of aid.

རྒྱ་ནག པེ་ཅིན། སྤྱི་ལོ་2018ཟླ་9ཚེས་4ཉིན། དེ་རིང་ཉིན་དགུང་རྒྱ་གར་གྱི་ཚོང་ལས་གསར་འཕྲིན་དྲ་གནས་དངུལ་ལོར་སྟངས་འཛིན་(Money Control)ཞེས་པས་གནས་ཚུལ་སྤེལ་གསལ། རྒྱ་ནག་གི་སྲིད་འཛིན་ཞིན་ཅིན་ཕིན་གྱིས་ཁ་སང་རེས་གཟའ་ཟླ་བའི་ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དོན། རྒྱ་ནག་གཞུང་གིས་ཨ་ཧྥི་རི་ཁར་སྐྱོབ་གསོ་ཁྱོན་ཨ་སྒོར་ཐེར་འབུམ་60སྤྲོད་རྒྱུ་ཡིན་ཞེས་བརྗོད་འདུག་པ་དང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་བརྗོད་དོན་ལྟར་ན།“སྐྱོབ་གསོའི་ལས་དོན་དེ་བཞིན་ཁྱབ་བསྒྲགས་དང་མིང་གྲགས་རྩོད་རྒྱུའི་དོན་དུ་མི་འགྲོ་བ་བྱ་དགོས།  ང་ཚོའི་ངོས་ནས་ཀྱང་སྐྱོབ་གསོ་དེའི་རྒྱབ་ལ་ཆ་རྐྱེན་དང་དམིགས་ཡུལ་གཞན་གང་ཡང་འཁུར་མེད། དེ་ནི་ཨ་ཧྥི་རི་ཁའི་ནང་གི་མུ་གེའི་དཀའ་ངལ་སེལ་ཆེད་དང་། དཔལ་འབྱོར་འཛུགས་སྐྲུན་སོགས་ཀྱི་མ་དངུལ་ཆེད་དུ་བེད་སྤྱོད་གཏོང་རྒྱུ་རེད།”ཅེས་བརྗོད་འདུག

དེ་ཡང་ཁ་སང་རྒྱ་ནག་དང་ཨ་ཧྥི་རི་ཁའི་ཚོང་ལས་མཉམ་འབྲེལ་ལྷན་ཚོགས་(FOCAG)སྒོ་འབྱེད་མཛད་སྒོའི་ཐོག་སྲིད་འཛིན་ཞི་ཅིན་ཕིན་གྱིས་འགྲེལ་བརྗོད་བྱས་དོན།“ད་ལྟའི་ཆར་འཛམ་གླིང་ནང་ཚོང་ལས་རང་གཅེས་རིང་ལུགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པས། ངེད་རྒྱ་ནག་གི་ངོས་ནས་ཨ་ཧྥི་རི་ཁའི་ནང་དུ་གྲུ་ཚུགས་གསར་རྒྱག་དང་གྲོང་ཁྱེར་འཛུགས་སྐྲུན་སོགས་ཕྱོགས་གཉིས་ཀར་ཕན་པའི་ལས་དོན་གཉེར་རྒྱུ་ཡིན། དེ་མཚུངས་ད་ལྟ་རྒྱ་ནག་ནི་ཨ་ཧྥི་རི་ཁ་ཁྱོན་ཡོངས་ནང་མེ་འཁོར་བཟོ་སྐྲུན་བྱེད་པོ་གཙོ་བོ་དེ་ཉིད་དུ་འགྱུར་བཞིན་ཡོད།”ཅེས་བརྗོད་འདུག

དེ་བཞིན་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཨ་ཧྥི་རི་ཁའི་ནང་དུ་སྐྱོབ་གསོའི་མ་དངུལ་གཏོང་ཡུལ་གཙོ་གནད་དུ་ཁེལ་བའི་ས་གནས་ཁག་བརྒྱད་ཟུར་འདོན་བྱས་པ་དང་། སླད་ཨ་ཧྥི་རི་ཁ་དང་རྒྱ་ནག་ལྷན་དུ་མ་འོངས་པའི་ཕྱོགས་སུ་མཉམ་སྐྱོད་བྱ་རྒྱུ་ཡིན་སྐོར་ཡང་བརྗོད་འདུག། དེ་བཞིན་ཨ་རིའི་དཔལ་འབྱོར་ཞིབ་འཇུག་དང་ལམ་སྟོན་ཚོང་ཚོགས་མེག་ཁིན་སི་(Mckinsey & Company)ཡིས་སྤྱི་ལོ་2017ལོའི་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་སྙན་ཐོའི་ནང་ཟུར་འདོན་གྱིས་འགྲེལ་བརྗོད་བྱས་དོན།“རྒྱ་ནག་ནི་ཨ་ཧྥི་རི་ཁའི་དཔལ་འབྱོར་མཛའ་གྲོགས་ཆེས་གལ་ཆེ་ཤོས་དང་སུས་ཀྱང་འགྲན་མི་ནུས་པར་གྱུར་ཟིན།”ཞེས་བརྗོད་འདུག

དེ་བཞིན་རྒྱལ་སྤྱིའི་གསར་ལམ་ཁག་གིས་བཏོན་པའི་དབྱེ་ཞིབ་ཟིན་ཐོ་དག་ལས་གསལ་བ་ལྟར་ནའང་། ད་སྐབས་ཨ་ཧྥི་རི་ཁའི་དཔལ་འབྱོར། འཛུགས་སྐྲུན། རོགས་སྐྱོར། མ་འཇོག་སོགས་གང་སྤྱིར་ཆེས་འབྲེལ་ཟབ་ཤོས་ནི་རྒྱ་ནག་ཁོ་ན་ཡིན་པ་དང་། འབྱུང་འགྱུར་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་ལས་ཇེ་ཟབ་ཏུ་འགྲོ་ངེས་ཡིན་པའི་སྔོན་དཔག་བྱེད་བཞིན་ཡོད་འདུག ཕྱོགས་གཞན་ནས་ད་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་གིས་རྒྱལ་ཁབ་ཆུང་རིགས་དག་ལ་ནམ་ཡང་འཇལ་ཐབས་བྲལ་བའི་དངུལ་བུན་གཡར་ཏེ། མཐར་རྒྱལ་ཁབ་དེ་དག་གིས་དངུལ་བུན་འཇལ་མ་ཐུབ་སྐབས་ཆབ་སྲིད་དབང་སྒྱུར་གྱི་ལག་ཆར་སྤྱོད་རྒྱུ་ཡིན་སྐོར་སོགས་ཀྱི་སྐྱོན་འཛུགས་བྱེད་བཞིན་ཡོད་འདུག སྐྱོན་འཛུགས་དེ་ཉིད་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་སྐོར་བརྗོད་ཅིང་། རྒྱ་ནག་གིས་ཨ་ཧྥི་རི་ཁར་གཏོང་བཞིན་པའི་དངུལ་ཕོན་གྱི་འཆར་འགོད་རྩིས་ཁྲ་ཞིབ་ཕྲ་སྒྲོག་སྦྱངས་བྱས་པའི་གནས་ཚུལ་ཐོན་འདུག

ཨ་ཧྥི་རི་ཁའི་རྒྱལ་ཁབ་ཨང་གྷོ་ལའི་ནང་དུ་རྒྱ་ནག་གིས་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་པ། རྒྱ་མི་ཨར་པོ་བ་ཞིག་གིས་དེ་ཁུལ་གྲོང་གསེབ་ལ་རྒྱང་ལྟ་བྱེད་བཞིན་པ།#A Chinese worker looks on as locals cross a construction site in Viana, Angola. Siphiwe Sibeko/Reuters

སྤྱིར་ཨ་སྒོར་ཐེར་འབུམ་60ནི་ཉུང་ཉུང་རྩ་བ་ནས་མིན་ཞིང་། འཛམ་གླིང་ནང་གི་ཕྱུག་བདག་ཨང་དང་པོ་བྷིལ་གྷེ་ཛེ་(Bill Gates/比尔盖茨)ཡི་རྒྱུ་ནོར་བདག་ཐོབ་ཁྱོན་ཨ་སྒོར་ཐེར་འབུམ་86ལས་མེད་པ་རེད། དེ་བཞིན་རྒྱ་ནག་གི་ཕྱུག་བདག་ཨང་དང་པོ་ཞུ་ཅྰ་དབྱིན་(许家印)གྱི་རྒྱུ་ནོར་བདག་ཐོབ་ཁྱོན་ཡོངས་ལ་མ་གནས་ཨ་སྒོར་ཐེར་འབུམ་42.5གནས་ཀྱི་ཡོད། དེ་བཞིན་ཨེ་ཤི་ཡའི་རྒྱལ་ཁབ་ཤྭི་རི་ལང་ཀའི་(Sri Lanka/斯里兰卡)སྤྱི་ལོ་2017ལོ་གཅིག་གི་རྒྱལ་ནང་ཐོན་འབབ་ཁྱོན་ཨ་སྒོར་ཐེར་འབུམ་93ཟིན་གྱི་མེད། དེ་བཞིན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཀེམ་བྷོ་ཌི་ཡའི་(Cambodia/柬埔寨)སྤྱི་ལོ་2017ལོའི་རྒྱལ་ནང་ཐོན་འབབ་ཨ་སྒོར་ཐེར་འབུམ་22.16ལས་ཟིན་གྱི་མེད། དེ་ལྟར་ན་རྒྱ་ནག་གིས་ཨ་ཧྥི་རི་ཁར་གཏོང་བཞིན་པའི་སྐྱོབ་གསོའི་རོགས་དངུལ་གྱི་འབོར་ཚད་དེས་འཛམ་གླིང་ཁྱོན་ཧང་སངས་པར་བྱས་ཡོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།