མོ་རྡི་གསོད་རྒྱུ་ཡིན་ཟེར། རྒྱ་གར་གྱི་དབུས་སུ་དབྱི་སི་ལམ་གྱི་དར་ཆ་བསྒྲེང་ཟེར། ཚ་གླེང་།

0
1736
ང་ཚོས་རིམ་བཞིན་རྒྱ་གར་གྱི་སྲིད་བློན་མོ་རྡི་གསོད་རྒྱུ་ཡིན་ལ། དབྱི་སི་ལམ་གྱི་དར་ཆ་རྒྱ་གར་དང་ཨ་རིའི་དབུས་སུ་བསྒྲེང་གི་ཡིན་ཞེས་བརྗོད་འདུག#'PM Modi will be killed, India will disintegrate': Hafiz Saeed

པག་ཀི་སི་ཐན། ར་ཝལ་ཀོ་ཊི།-(པག་ཀི་སི་ཐན་གྱི་འོག་ཏུ་ཡོད་པའི་ཀ་ཤི་སྨིར་ཁུལ།) སྤྱི་ལོ་2018ཟླ་6ཚེས་8ཉིན། ད་ལྟ་རྒྱ་གར་གྱི་ཉིན་རེའི་གསར་འགྱུར་དབྱེ་ཞིབ་གསར་ཁང་(DNA India)སོགས་ཀྱིས་གནས་ཚུལ་སྤེལ་བཞིན་པ་ནི། དེ་རིང་རེས་གཟའ་པ་སངས་ཉིན་པག་ཀི་སི་ཐན་(Pakistan/巴基斯坦)ནང་སྡོད་རྒྱལ་སྤྱིའི་དྲག་སྤྱོད་པར་ངོས་འཛིན་བྱེད་བཞིན་པའི་ཧྭ་ཧྥི་ཛི་(Hafiz Saeed)ཡིས་རྒྱ་གར་གཙོས་པར་ཉེན་བརྡ་བཏང་ནས་བརྗོད་དོན།“ང་ཚོས་རིམ་བཞིན་རྒྱ་གར་གྱི་སྲིད་བློན་མོ་རྡི་གསོད་རྒྱུ་ཡིན་ལ། དབྱི་སི་ལམ་གྱི་དར་ཆ་རྒྱ་གར་དང་ཨ་རིའི་དབུས་སུ་བསྒྲེང་གི་ཡིན། ད་དུང་། རྒྱ་གར་དང་ཨི་ཛི་རལ་གཉིས་ཀྱི་ཆེད་དུ་དཔའ་བོ་མང་པོ་གྲ་སྒྲིག་བྱེད་བཞིན་ཡོད།”ཅེས་བརྗོད་འདུག

ཧྭ་ཧྥི་ཛི་ནི་སྤྱི་ལོ་2008ལོར་རྒྱ་གར་གྱི་ཚོང་དོན་རྒྱལ་ས་མོམ་བྷེ་རུ་དྲག་སྤྱོད་གཏོར་རྒོལ་ལས་འགུལ་གྱི་འཆར་འགོད་པར་བརྗོད་བཞིན་ཡོད་ཅིང་། ད་བར་མི་དམངས་ཀྱི་དབུས་སུ་རྒྱ་གར་ལ་ཁ་གཏད་གཅོག་རྒྱུའི་དྲིལ་བསྒྲགས་ཤུགས་ཆེན་སྤེལ་མཁན་ཞིག་ཏུ་གྱུར་ཡོད། ད་ལན་ཡང་ཧྭ་ཧྥི་ཛི་ཡིས་དབྱི་སི་ལམ་གྱི་ལོ་གསར་ཟིན་ལ་ཉེ་བའི་སྨྱུང་གནས་འདུ་འཛོམས་དང་སྟབས་བསྟུན་མི་དམངས་ཀྱི་དབུས་སུ་གོང་སྨྲོས་སྐད་ཆ་དེ་དག་བཤད་ཡོད་པའི་གནས་ཚུལ་ཐོན་འདུག ད་དུང་། ཧྭ་ཧྥི་ཛིས་ང་ཚོས་སྨྱུང་གནས་ཀྱི་དུས་ཚོད་བཟང་པོ་འདི་དང་བསྟུན་འབྱུང་འགྱུར་རྩ་ཆེན་གྱི་དམག་འཁྲུག་ལ་གྲ་སྒྲིག་བྱེད་དགོས་ཞེས་ཀྱང་བརྗོད་འདུག

དེ་བཞིན་ཡུལ་དེ་གའི་ཁ་ཆེའི་ཆོས་དཔོན་བྷ་ཤིར་(Maulana Bashir)གྱིས་ཀྱང་ཁ་ཆེའི་ཕྲུ་གུ་ཚོར་དབྱི་སི་ལམ་གྱི་དོན་དུ་རང་སྲོག་བློས་གཏོང་བྱ་དགོས་སྐོར་ནན་བརྗོད་བྱས་དོན།“ད་ལྟའི་སྨྱུང་གནས་ཀྱི་དུས་ཚོད་འདི་ནི་དབྱི་སི་ལམ་ཆོས་གཅེས་དར་སྤེལ་འོག་དགྲ་འཁོན་ལེན་རྒྱུའི་དུས་ཚོད་ཡག་ཤོས་ཤིག་རེད། སུ་ཞིག་གིས་དབྱི་སི་ལམ་དར་སྤེལ་ཆེད་རང་སྲོག་ཕུལ་བ་ནི་དཔའ་བོའི་ཞིང་སར་སྐྱོད་བཞིན་ཡོད། མ་ཟད། ཁོང་ཅག་ལ་དག་ཞིང་གི་སྒོ་མོ་ཕྱེས་ནས་བཞག་ཡོད་པ་རེད། ད་ལྟ་པག་ཀི་སི་ཐན་གྱི་མངའ་འོག་ཏུ་ཡོད་པའི་ཀ་ཤི་སྨིར་ཁུལ་གྱི་ཕ་མ་ཚོས་རང་ཉིད་ཀྱི་བུ་ཕྲུག་རྣམས་དབྱི་སི་ལམ་དར་སྤེལ་ཆོས་གཅེས་ལས་འགུལ་ལ་ཞུགས་རྒྱུར་ཆོག་མཆན་སྤྲོད་དགོས་ཀྱི་རེད། ད་ལྟ་རྒྱ་གར་ཀ་ཤི་སྨིར་ཁུལ་དུ་ཁོང་ཚོས་དབྱི་སི་ལམ་ཆོས་གཅེས་རིང་ལུགས་འོག་རྒྱ་གར་གྱི་དམག་མིར་འཐབ་རྩོོད་བྱེད་བཞིན་ཡོད་པ་རེད། དེ་ནི་རྒྱ་གར་གཏོར་གཤིག་གཏོང་རྒྱུ་དང་ཀ་ཤི་སྨིར་རང་བཙན་རྩོད་རྒྱུ་དེ་ཡིན།”ཞེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།