མེ་དང་སྤུའི་ཐུག་འཕྲད་གཏན་ཁེལ། ཀིམ་དང་ཀྲམ་གྱི་སྒྲུང་གསར་པ། ཐད་སྤེལ།

0
1644
ཕོ་བྲང་དཀར་པོས་གསལ་བསྒྲགས་སྤེལ་དོན་ལྟར་ཨ་རིའི་སྲིད་འཛིན་ཀྲམ་ཧྥིས་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་ཐུག་འཕྲད་བྱ་རྒྱུར་ཁས་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག#President Donald Trump has agreed to meet with North Korean leader Kim Jong Un, the White House announced.

ཨ་རི། ཝ་ཤིན་ཊོན། སྤྱི་ལོ་2018ཟླ་3ཚེས་9ཉིན། ད་ལྟ་ཨ་རིའི་སི་ཨེན་ཨེན་CNNརྒྱལ་སྤྱིའི་གསར་ཁང་སོགས་ཀྱིས་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། དེ་རིང་ཨ་རིའི་ཕོ་བྲང་དཀར་པོས་གསལ་བསྒྲགས་སྤེལ་དོན། ཨ་རིའི་སྲིད་འཛིན་ཀྲམ་ཧྥིས་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་ཐུག་འཕྲད་བྱ་རྒྱུར་ཁས་ལེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་ཟླ་ཤས་ནང་ཕྱོགས་གཉིས་ཧ་ཅང་ངར་བའི་སེང་གེ་གཉིས་ལྟར་གཅིག་གིས་གཅིག་རྩ་མེད་བཟོ་རྒྱུར་ཧ་ཅང་རྔམས་ནས་བསྡད་ཡོད་པ་ལྟར་སྣང་ཡང་དེ་རིང་གི་གནས་ཚུལ་དེས་རྒྱལ་སྤྱིའི་མི་དམངས་རྣམས་ཧད་དེ་ལུས་པར་བྱས་ཡོད།

ལྷོ་ཀོ་རི་ཡའི་བདེ་སྲུང་སློབ་སྟོན་ལྷན་ཁང་ནས་བརྗོད་དོན་ལྟར་ན།“གང་མགྱོགས་ཀིམ་ཇུང་ཨུན་གྱི་སྲིད་ཡུན་རིང་ཨ་རིའི་དབུ་ཁྲིད་དང་ཐད་ཀར་ངོ་དང་ངོ་ཐུག་སྟེ་སྐད་ཆ་ཤོད་རྒྱུའི་གནས་སྟངས་ཐོག་མ་དེ་ཉིད་འབྱུང་རྒྱུ་རེད། དེ་ཡང་ཀིམ་ཇུང་ཨུན་དང་ཀྲམ་ཧྥི་གཉིས་ཀྱི་གྲོས་མོལ་དུས་ཚོད་ཀྱང་འབྱུང་འགྱུར་སྤྱི་ཟླ་5ནང་ཚུན་ཡོང་འཆར་ཡོད། ད་ཐེངས་ཀིམ་ཇུང་ཨུན་ངོ་མས་བྱང་ཀོ་རི་ཡའི་རྒྱང་སྐྱོད་འཕུར་མདའ་དང་རྡུལ་མཚོན་ལས་གཞི་གཉིས་ཀ་མདུན་ཅོག་ཐོག་ཏུ་བཞག་སྟེ་གོ་སྐབས་དེ་ཉིད་སྤྲད་པ་རེད།”ཅེས་བརྗོད་འདུག

ཨ་རིའི་སྲིད་འཛིན་ཀྲམ་ཧྥིས་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་བརྒྱུད་ནས་བརྗོད་དོན། “ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་སྐུ་ཚབ་ལ་རྡུལ་མཚོན་ལས་གཞི་མཚམས་འཇོག་བྱ་འདོད་པ་ཙམ་མིན་པར་ཁྱོན་ཡོངས་ནས་གཙང་བཟོ་བྱ་རྒྱུའི་སྐོར་སྐད་ཆ་བཤད་འདུག ད་ལྟའི་ཆར་ཡར་རྒྱས་མངོན་གསལ་དོད་པོ་འདུག ཀིམ་དང་གང་མགྱོགས་ཐུག་འཕྲད་བྱ་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད།” ཅེས་བརྗོད་འདུག

ཨ་རིའི་CNNགསར་ཁང་གིས་འགྲེལ་བརྗོད་བྱས་དོན་ལྟར་ན།“ད་ལན་སྲིད་འཛིན་ཀྲམ་ཧྤི་ཡི་ཐག་ཆོད་དེ་ནི་ལོ་རྒྱུས་ཀྱི་བརྗེད་བྱང་ཞིག་ཆགས་ཀྱི་ཡོད། ལོ་གཅིག་ཙམ་རིང་ཕྱོགས་གཉིས་ཀས་ཕན་ཚུན་བསམ་ཡུལ་ལས་འདས་པའི་སྐྱོན་བརྗོད་དང་ཚོང་དོན་དམག་འཁྲུག་བརྒྱབས་པ་རེད། ད་ལན་གྱི་ཐུག་འཕྲད་དེས་བྱང་ཀོ་རི་ཡའི་རིང་ནས་སྙིང་དུ་བརྣགས་པའི་འདོད་དོན་སྟེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་དེ་གའི་གཞུང་འཛིན་ལ་ངོས་འཛིན་རྣམ་དག་ཅིག་འཐོབ་པར་བྱེད་པའི་ཕྱོགས་སུ་ཉེ་བར་བཅར་བཞིན་ཡོད། དེ་བཞིན་ཀྲམ་ཧྤིར་ལོ་རྒྱུས་རང་བཞིན་ཅན་གྱི་རྩོད་རྙོག་རིང་པོ་དེའི་རྒྱལ་ཁ་ཡང་སྤྲོད་ཀྱི་ཡོད། འོན་ཀྱང་། དོན་དངོས་ཐོག་སྐབས་དེར་གནས་སྟངས་ཅི་འབྱུང་དང་ཆེས་ཛ་དྲག་པའི་རྒྱན་རྩེད་བསམ་ཡུལ་ལས་འདས་པ་དེ་རིགས་འབྱུང་མི་སྲིད་པ་མིན།”ཞེས་བརྗོད་འདུག

དེ་རིང་གི་གནས་ཚུལ་དེ་བཞིན་ཁ་སང་རེས་གཟའ་ཕུར་བུའི་ཉིན་ལྷོ་ཀོ་རི་ཡའི་གཞུང་འབྲེལ་ཆེས་མཐོའི་སྐུ་ཚབ་མི་སྣ་རྣམས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་འབྱོར་ཏེ། ཨ་རིའི་སྲིད་འཛིན་ཀྲམ་ཧྤི་དང་ལྷན་བྱང་ཀོ་རི་ཡའི་མགྲོན་འབོད་དང་ཕྱོགས་གཉིས་ཀྱི་ཐུག་འཕྲད་བྱ་རྒྱུའི་གནས་ཚུལ་རྣམས་ཀྱི་ཐད་བགྲོ་གླེང་བྱས་ཡོད་པ་རེད་འདུག དེ་བཞིན་ལྷོ་ཀོ་རི་ཡའི་ཕྱོགས་ནས་གཟབ་གཟབ་ངང་ཀྲམ་ཧྥིའི་བྱས་རྗེས་ལ་བསྔགས་བརྗོད་བྱས་དོན།“ཨ་རིའི་སྲིད་འཛིན་གྱི་དབུ་ཁྲིད་སྲིད་བྱུས་དེ་ཉིད་ཀྱི་འོག་ནས་ང་ཚོར་དེ་རིང་གི་དུས་ཚོད་དེ་ཉིད་བྱུང་བ་རེད།”ཅེས་བརྗོད་འདུག

ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་འགན་འཛིན་ལྕམ་སྐུ་སཱ་ར་སཱེན་ཊར།#White House press secretary Sarah Sanders said in a statement that Trump “greatly appreciates the nice words” of the delegation and South Korean President Moon Jae-in.

གོང་སྨྲོས་གནས་ཚུལ་ཁག་གི་ཐད་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་འགན་འཛིན་ལྕམ་སྐུ་སཱ་ར་སཱེན་ཊར་(Sarah Sanders)གྱིས་འགྲེལ་བརྗོད་བྱས་དོན། “སྲིད་འཛིན་ཀྲམ་ཧྥིས་ལྷོ་ཀོ་རི་ཡའི་སྐུ་ཚབ་ཁག་གི་ལས་ཀར་ཡིད་རངས་དང་དགའ་སྤོབས་བྱེད་བཞིན་འདུག ད་དུང་། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་གཙོས་སྐུ་ཚབ་ཚོས་སྲིད་འཛིན་ཀྲམ་ཧྥིར་བརྗོད་པའི་བསྔགས་པ་རྣམས་ཀྱི་ཐད་མགུ་པོ་བྱུང་འདུག ཁོང་གིས་ཀིམ་ཇུང་ཨུན་དང་ཐུག་འཕྲད་ཁས་ལེན་བྱས་ཤིང་། ས་གནས་དང་དུས་ཚོད་རིམ་པས་གཏན་ཁེལ་འབྱུང་མཚམས་ཕྱིར་བསྒྲགས་ཡོང་གི་རེད། ང་ཚོས་བྱང་ཀོ་རི་ཡའི་རྡུལ་མཚོན་གཙང་བཟོ་ཡོང་རྒྱུར་སྒུག་བཞིན་ཡོད། ཕྱོགས་མཚུངས་ད་ལྟའི་ཆར་བྱང་ཀོ་རི་ཡའི་ཐོག་གི་དེ་སྔའི་རྒྱལ་སྤྱིའི་ཉེས་ཆད་རྣམས་རང་སོར་གནས་རྒྱུ་རེད།”ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།