བྷི་རིག་སི་རྒྱལ་ཁབ་ལྔ་འདུས་ལྷན་ཚོགས།

0
2381
བྷི་རིག་སི་ལྷན་ཚོགས་འདི་བཞིན་ད་ལྟ་རྒྱལ་སྤྱིའི་ནང་མནའ་སྦྲེལ་རྒྱལ་ཚོགས་སྟོབས་ཤུགས་ཆེ་ཤོས་ཤིག་ཆགས་ཀྱི་འདུག

བོད་ཀྱི་དེ་ཕོ་བོད་ཡིག་རྒྱུན་ཤེས།
རྩོམ་འབྲི་བ། | རྟ་མགྲིན།

འགྲོ་བ་མིའི་སྤྱི་ཚོགས་འདིའི་ནང་སྔར་སྲིད་པ་ཆགས་པ་ནས་རིམ་པས་ཤེས་རིག་གོང་འཕེལ་འགྲོ་གིན། ཕན་ཚུན་རྟེན་འབྲེལ་གྱི་གནད་དོན་ཁ་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་མུས་བཞིན། རིམ་པས་ཚོ་པ་ནས་ཚོགས་སྡེ་སོགས་སུ་འཕོ་འགྱུར་ཕྱིན་སྟེ་མཐར་རྒྱལ་ཁབ་དང་། རྒྱལ་ཁབ་ནས་རྒྱལ་ཁབ་དུ་མ་ལྷན་དུ་ཚོགས་པའི་མནའ་སྦྲེལ་མཐུན་ཚོགས་སོགས་གྲུབ་ཡོད། འདིར་སྐབས་དོན་ཆབ་སྲིད་མནའ་སྦྲེལ་དང་། ཚོང་དོན་མནའ་སྦྲེལ། དམག་དོན་མནའ་སྦྲེལ་སོགས་ཀྱི་བྱེ་བྲག་ཚོང་དོན་མནའ་སྦྲེལ་རྒྱལ་ཁབ་ལྔ་གོང་དུ་བསྒྲིལ་བའི་བྷི་རིག་སི་ཞེས་པའི་ལྷན་ཚོགས་དེའི་སྐོར་བརྗོད་རྒྱུ་ཡིན། སྤྱིར་བྷི་རིག་སི་ཞེས་དབྱིན་ཡིག་གི་སྒྲ་སྒྱུར་ཏེ་དབྱིན་ཡིག་ཏུ་BRICSཞེས་གསལ། སྒྲ་དོན་དེ་ནི་དབྱིན་ཚིག་བསྡུས་མ་ལས་གྲུབ་པ་ཞིག་དང་། སོ་སོར་ཕྱེས་ཚེ་རྒྱལ་ཁབ་ལྔ་པོའི་མིང་གི་དབྱིན་ཚིག་ཐོག་མ་ལྔ་པོ་ལས་གྲུབ་པ་ཞིག་ཆགས་ཀྱི་ཡོད། དེ་དག་ནི་(BRICS- Brazil བྷེ་རེ་ཛལ། Russia ཨུ་རུ་སུ།  India རྒྱ་གར། China རྒྱ་ནག South Africa ལྷོ་ཨ་ཧྥི་རི་ཁ།)བཅས་ཆགས་ཀྱི་ཡོད།

བྷི་རིག་སི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་མ་དེ་ཉིད་སྤྱི་ལོ་2009ཟླ་6ཚེས་16ཉིན་ཨུ་རུ་སུའི་གྲོང་ཁྱེར་ཡེ་ཁཱ་ཏེ་རན་བྷག་(Yekaterinburg)ཅེས་པར་ཚོགས་ཤིང་། སྐབས་དེར་བྷི་རིག་(BRIC)ལས་བྷི་རིག་སི་(BRICS)ཞེས་པའི་མིང་དེ་ཉིད་ཐོབ་རྒྱུ་ཡིན། སྤྱི་ལོ་2010ལོ་ནས་ལྷོ་ཨ་ཧྥི་རི་ཁ་ལྷན་ཚོགས་དེའི་ནང་མཉམ་ཞུགས་བྱས་རྗེས་བྷི་རིག་སི་ཞེས་པའི་ད་ལྟའི་མིང་དེ་ཉིད་གྲུབ་ཡོད་པ་རེད། རྒྱལ་ཁབ་ལྔ་པོ་དེ་དག་འདས་པའི་དུས་རབས་ཕྱེད་ཙམ་རིང་འཛམ་གླིང་ནང་གི་བཟོ་ཚོང་ལས་གྲྭ་གསར་པ་གོང་འཕེལ་རླབས་ཆེན་འགྲོ་བཞིན་པ་ཤ་སྟག་ཆགས་ཀྱི་ཡོད། དེ་ལྟར་འདས་པའི་སྤྱི་ལོ་2009ནས་ད་བར་བྷི་རིག་སི་ཚོགས་ཆེན་དེ་བཞིན་རྒྱལ་ཁབ་ལྔ་པོ་དེ་དག་གི་ནང་དུ་རེས་མོས་ཀྱིས་འཚོགས་བཞིན་ཡོད།

བྷི་རིག་ཚོགས་ཆེན་སྐབས་དང་པོ། #1st BRIC summit 2009, Russia.

སྤྱི་ལོ་2015ལོའི་སྙན་ཐོར་བལྟས་ཚེ་རྒྱལ་ཁབ་ལྔ་པོ་དག་གིས་མི་འབོར་གྲངས་ཚད་དུང་ཕྱུར་30.6བརྒལ་འདུག་ཅིང་། མི་འབོར་གྱི་གྲངས་ཚད་དེས་འཛམ་གླིང་མི་འབོར་གྱི་སྤྱིའི་བརྒྱ་ཆ་40%ཟིན་གྱི་ཡོད་འདུག དོན་དངོས་སུ་རྒྱལ་ཁབ་ལྔ་པོ་དེ་དག་ནི་འཛམ་གླིང་ནང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཤ་སྟག་ཡིན་པ་དང་། རྒྱལ་ཁབ་ལྔ་པོ་དེ་དག་ལྷན་འདུས་ཀྱི་ལོ་འཁོར་རྒྱལ་ཡོངས་ཐོན་འབབ་(GDP)ཨ་སྒོར་ཁྲག་ཁྲིག་ཆེན་པོ་16.6(Trillion/)ཟིན་སྟེ། དངུལ་འབོར་གྲངས་ཚད་དེ་ཉིད་ཀྱིས་རྒྱལ་སྤྱི་ཁྱོན་ཡོངས་ཀྱི་ལོ་འཁོར་ཐོན་འབབ་ཀྱི་བརྒྱ་ཆ་22%བརྒལ་ཡོད་པར་གསལ། དེ་ལྟར་ན་རྒྱལ་ཁབ་ལྔ་པོ་དེ་དག་གིས་རྒྱ་སྤྱིའི་ཆབ་དཔལ་རིག་གསུམ་ལ་འགུལ་སྐྱོད་ཤུགས་ཆེན་གཏོང་བཞིན་ཡོད་པ་དངོས་ཡོད་དུ་གྱུར་འདུག

བྷི་རིག་སི་ལྷན་ཚོགས་རིམ་པས་འཕེལ་རྒྱས་འགྲོ་བཞིན་པ་དང་ལྷན། སྔར་གྱི་དཔལ་འབྱོར་ཚོང་དོན་གནས་ཚུལ་ཙམ་མིན་པར་དེང་སྐབས་རྒྱལ་ཁབ་ཁག་སོ་སོའི་ཆབ་སྲིད་དང་། རིག་གཞུང་སོགས་ཀྱི་གནད་དོན་རྣམས་གཉིས་ཕན་དང་ཚོགས་མི་རྒྱལ་ཁབ་ཀུན་ལ་ཁེ་ཕན་ཡོད་པའི་འགྲོ་ལུགས་ཀྱི་འོག་ནས་ཐག་གཅོད་བྱེད་བཞིན་ཡོད་འདུག ད་དུང་། རྒྱལ་ཁབ་ལྔ་པོའི་ནང་གི་དཔལ་འབྱོར་གནད་དོན་བཅོས་སྒྱུར་དང་། མཉམ་འདུས་དཔལ་འབྱོར་མ་གནས་གོང་སྤེལ་གཏོང་རྒྱུ་སོགས་ཀྱི་ཐད་ལས་གཞི་སྤེལ་མུས་རེད་འདུག

འདས་པའི་བྷི་རིག་སི་ཚོགས་ཆེན་ཚོགས་ཡུལ་གྱི་ས་གནས་རྒྱལ་ཁབ་ཁག་དང་། ཚོགས་ཆེན་གྱི་ནང་དོན་ཟིན་ཐོ། ཡོངས་ཁུངས་ཝིག་ཀི་རིག་མཛོད།

སྤྱི་ལོ་2013ལོར་ཨུ་རུ་སུའི་གྲོང་ཁྱེར་པེ་ཊར་སི་བྷག་(Petersburg)ལ་བྷི་རིག་སི་ལྷན་ཚོགས་ཀྱི་དབུ་ཁྲིད་རྣམས་ཟུར་འདུས་ཀྱི་ཚོགས་འདུ་ཞིག་བསྐོངས་ཏེ། འབྱུང་འགྱུར་ལོ་ངོ་10ཙམ་ནང་འཛམ་གླིང་ནང་གི་དངུལ་འཛའི་ཚོང་སྒྱུར་ཆེ་ཤོས་དེ་ཉིད་བྱ་རྒྱུའི་འཆར་གཞི་བཏིང་ཡོད་པ་དང་། དེ་མུར་རྒྱལ་ཁབ་ལྔ་པོས་མ་དངུལ་བསྡུ་རུབ་འགོ་འཛུགས་བྱས་ཡོད། དེ་ཡང་རྒྱ་ནག་གི་ཨ་སྒོར་ཐེར་འབུམ་41འཇོག་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། བྷེ་རེ་ཛེལ་དང་། རྒྱ་གར། ཨུ་རུ་སུ་བཅས་རྒྱལ་ཁབ་གསུམ་གྱིས་ཨ་སྒོར་ཐེར་འབུམ་18རེ་འཇོག་རྒྱུའི་ཁས་ལེན། ལྷོ་ཨ་ཧྥི་རི་ཁས་ཨ་སྒོར་ཐེར་འབུམ་5འཇོག་རྒྱུའི་ཁས་ལེན་བྱས་འདུག མ་དངུལ་བསྡུ་རུབ་ཀྱི་གྲངས་འབོར་དེའི་འོག་ནས་འབྱུང་འགྱུར་རྒྱ་ནག་འཛམ་གླིང་ནང་གི་ཕྱི་འཇོག་དངུལ་འབོར་གྲངས་ཚད་མཐོ་ཤོས་སུ་འགྱུར་ཏེ། འཛམ་གླིང་དངུལ་འཛའི་འཕོ་འགྱུར་གྱི་དཀྱིལ་སྙིང་དུ་འགྱུར་འཆར་ཡོད་པར་འགྲེལ་བཞིན་འདུག རྒྱ་ནག་གི་མདུན་སྐྱོད་དེར་རྒྱ་གར་དང་བྷེ་རེ་ཛེལ་གཉིས་ཀྱིས་རྒྱབ་སྐྱོར་བྱས་ཏེ་ཁེ་བཟང་འདྲ་མཉམ་ངང་བགོ་འགྲེམས་བྱ་རྒྱུའི་ཐག་ཆོད་བྱུང་འདུག

དབྱེ་ཞིབ་པ་ཚོས་ཨ་རི་དང་བྷི་རིག་སི་ལྷན་ཚོགས་ཞིབ་བསྡུར་བྱེད་བཞིན་ཡོད་འདུག

འདི་ལོའི་བྷི་རིག་སི་ལོ་འཁོར་ཚོགས་ཆེན་ཐེངས་དགུ་པ་དེ་ཉིད་ལོ་ངོ་སྟོང་ཕྲག་གི་ཚོང་ལས་ལོ་རྒྱུས་ལྡན་པའི་རྒྱ་ནག་གི་མཚོ་ཁུལ་གྲོང་ཁྱེར་ཤྭ་མན་(Xiemen/厦门市)དུ་འཚོགས་བཞིན་ཡོད་པ་དང་། དེ་ཡང་ཁས་ཉིན་སྤྱི་ཚེས་3ཉིན་ནས་འགོ་བཙུགས་ཏེ་དེ་རིང་སྤྱི་ཚེས་5ཉིན་ཚོགས་ཆེན་འདི་ཉིད་མཇུག་སྒྲིལ་བྱ་འཆར་ཡོད། ད་སྐབས་བྷི་རིག་སི་ལྷན་ཚོགས་ཀྱི་ནུས་སྟོབས་ཇེ་ཆེར་འགྲོ་བཞིན་པ་དང་སྟབས་བསྟུན། རྒྱལ་སྤྱིའི་ནང་གི་རྒྱལ་ཁབ་དུ་མ་ཞིག་གིས་ལྷན་ཚོགས་དེར་ཞུགས་འདོད་ཀྱི་གསལ་བསྒྲགས་སྤེལ་ཡོད། དེ་དག་ནི་ཨབ་གྷན་དང་། ཧིན་རྡུ་ཉེ་ཤི་ཡ། མེག་སི་ཁོ། ཨར་ཅིན་ཊི་ན། ཏར་ཀི། ཨི་འཇེབ། ཨི་རན། ནེ་ཇི་རི་ཡ། སུ་རྡན། སེ་རི་ཡ། གྷི་རི་སི། བྷང་ལ་རྡེ་ཤི་བཅས་ཆགས་ཀྱི་ཡོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།