བླ་མས་བཙན་གཡེམ་དང་སློབ་མས་ཟིང་འཁྲུག མི་28འདས་གྲོངས།-ཐད་སྤེལ།

0
12189
བླ་དཔོན་དེའི་རྗེས་འཇུག་པས་བླ་མར་ཁྲིམས་ཐག་བཅད་རྗེས་ངོ་རྒོལ་ཟིང་འཁྲུག་སློང་བཞིན་པ། ད་ལྟ་སྐར་མ་འགའི་ནང་འདས་གྲོངས་བའི་མི་གྲངས་17ནས་28ལ་འཕར་སོང་།#Panchkula, Haryana. 2017.8.25

ཐད་ཀར་ཁ་སྣོན་གནས་ཚུལ། – Live updates

  • འདས་གྲོངས་སུ་གྱུར་བའི་མིའི་གྲངས་ཚད་31ཟིན་སོང་།
  • དམག་མིས་ཐད་ཀར་མེ་མདའ་བརྒྱབས་ཏེ་མི་གྲངས་2བསད་འདུག
  • ཁྱོན་རྨས་སྐྱོན་ཕོག་པའི་མི་གྲངས་250ལྷག་བརྒལ་ཟིན་འདུག
  • ལྡི་ལི་ནས་ཧ་རི་ཡ་ན་མངའ་སྡེའི་ཁུལ་དུ་འགྲིམ་འགྲུལ་བྱེད་མཁན་གྱི་བོད་རིགས་སྤུན་ཟླ་ཚོས་ལམ་བར་ནས་གཟབ་གཟབ་གནང་དགོས་ངེས་རེད་འདུག
  • ལྡི་ལིའི་མངའ་ཁོངས་ཀྱི་རྫོང་ཁག་11ནང་གཞུང་གི་ཛ་དྲག་བཀའ་རྒྱ་144བཏང་སྟེ། སྤྱི་ཟླ་9ཚེས་8བར་ས་གནས་ཁག་ཏུ་མི་བཞི་ལྷག་འདུ་འཛོམས་ཆོག་གི་མེད།

—–
རྒྱ་གར། ལྡི་ལི། སྤྱི་ལོ་
2017ཟླ་8ཚེས་25ཉིན། ད་ལྟ་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་NDTVལ་སོགས་པས་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ས་མཚམས་དང་། ཁྱིམ་མཚེས་མངའ་སྡེ་ཧ་རི་ཡ་ན། པན་འཇབ་མངའ་སྡེ་སོགས་སུ་མི་མང་ཟིང་འཁྲུག་ཤུགས་ཆེན་ལངས་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག དེ་ཡང་རྒྱ་གར་གྱི་རྡ་ར་ས་ཆཱ་ཆོས་བརྒྱུད་(Dera Sacha Sauda)ཀྱི་བླ་དཔོན་ཆེན་མོ་གྷུར་མི་ཊི་སིང་(Gurmeet Ram Rahim Singh)གིས། རང་ཉིད་ཀྱི་སློབ་མ་བུད་མེད་གཉིས་ལ་བཙན་གཡེམ་བྱས་པའི་གྱོད་དོན་ལོ་མང་རིང་ཁྲིམས་བཤེར་བྱས་པ་བརྒྱུད། དེ་རིང་དངོས་སུ་ཁྲིམས་ཐོག་ནས་ནག་ཉེས་ཡོད་པའི་ཁྱབ་བསྒྲགས་སྤེལ་འདུག

འོན་ཀྱང་བླ་དཔོན་དེ་ཉིད་ཀྱི་རྗེས་འཇུག་པ་འབུམ་གཅིག་ལྷག་གིས་གོང་སྨྲོས་མངའ་སྡེ་གསུམ་གྱི་ནང་དུ་མེ་འཁོར་དང་། གསར་འགོད་པའི་རླངས་འཁོར། མི་མང་སྒེར་གྱི་རླངས་འཁོར། ཉེན་རྟོག་པའི་རླངས་འཁོར། གཞུང་གི་སྤྱི་སྤྱོད་རླང་འཁོར་སོགས་མེར་སྲེག་གཏོང་བཞིན་པའི་ཛ་དྲག་གི་ཟིང་འཁྲུག་ཤུགས་ཆེན་ལངས་བཞིན་པའི་གནས་ཚུལ་ཐོན་མུས་རེད་འདུག ད་ལྟ་འབྱུང་བཞིན་པའི་ཟིང་འཁྲུག་གི་དོན་རྐྱེན་དེའི་འོག་དེ་རིང་ཕྱི་དྲོ་ཆུ་ཚོད་4:00ནས་ད་བར་ཁྱོན་མི་གྲངས་28འདས་གྲོངས་ཕྱིན་ཟིན་འདུག་ཅིང་། མི་གྲངས་200ལྷག་རྨས་སྐྱོན་ཕོག་ཡོད་འདུག གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན་ཤི་རྨས་ཀྱི་གྲངས་འབོར་རིམ་པར་འཕར་འཆར་ཡོད་པའི་གནས་ཚུལ་བརྗོད་བཞིན་འདུག

ད་སྐབས་ཆོས་བརྒྱུད་དེ་ཉིད་ཀྱི་ལྟེ་གནས་ཆགས་ཡུལ་ཧ་རི་ཡ་ནའི་གྲོང་ཁྱེར་པན་ཆི་ཁུ་ལར་(Panchkula, Haryana)ཟིང་འཁྲུག་ཆེ་ཤོས་ལངས་བཞིན་པ་དང་། ཟིང་འཁྲུག་འོག་ཤི་རྨས་ཀྱི་གནས་ཚུལ་ཕལ་མོ་ཆེ་ཡང་ས་གནས་དེ་གར་འབྱུང་བཞིན་ཡོད་འདུག ད་ལྟ་ཕྱི་དྲོ་རྒྱ་གར་གྱི་ཆུ་ཚོད་5:00ཙམ་ལ་མངའ་སྡེ་དེ་གའི་གཞུང་ཕྱོགས་ནས་ཟིང་འཁྲུག་ཞོལ་འཇགས་གཏོང་ཆེད་དམག་སྡེ་དྲུག་ཆེད་དུ་འགྲེམས་འཇོག་བྱས་ཡོད་འདུག དེ་བཞིན་ད་ལྟ་སྐར་མ་20ཙམ་གྱི་སྔོན་དུ་གཞུང་དམག་དང་ཟིང་འཁྲུག་སློང་མཁན་མི་མང་བར་དུ་གདོང་ཐུག་བྱུང་སྟེ། གཞུང་དམག་གིས་མེ་མདའ་བརྒྱབས་ཏེ་མི་1བསད་ཟིན་པའི་གནས་ཚུལ་ཐོན། ས་གནས་དེ་གར་ཡོད་པའི་བརྙན་འཕྲིན་གསར་འགོད་པ་དག་གིས་བརྗོད་དོན་ལྟར་ན། ད་སྐབས་དངོས་སུ་གཞུང་གིས་མེ་མདའ་རྒྱག་ཆོག་པའི་བཀའ་རྒྱ་བཏང་མེད་པར་བརྗོད།

རྒྱ་གར་གྱི་རྡ་ར་ས་ཆཱ་ཆོས་བརྒྱུད་ཀྱི་བླ་དཔོན་ཆེན་མོ་གྷུར་མི་ཊི་སིང་།#Dera Sacha Sauda head, Gurmeet Ram Rahim Singh.

ད་སྐབས་བླ་དཔོན་དེ་ཉིད་གྲོང་ཁྱེར་པན་ཆི་ཁུ་ལའི་ཁྲིམས་ཁང་ནས་ཐད་འཕུར་གནམ་གྲུ་བརྒྱུད་མངའ་སྡེ་དེ་གའི་གྲོང་ཁྱེར་རོ་ཏཱག་(Rohtak)ནང་དུ་བསྐྱལ་ཟིན་འདུག དེ་རིང་ཕྱི་དྲོ་ཆུ་ཚོད་4:00ཐོག་དེ་གའི་གྲོང་ཁྱེར་ཁྲིམས་ཁང་ནས་བླ་དཔོན་དེར་ཉེས་པ་ཡོད་པའི་གསལ་བསྒྲགས་སྤེལ་མ་ཐག་ཏུ། ཁྲིམས་ཁང་གི་ཕྱིར་སྒུག་བཞིན་ཡོད་པའི་རྗེས་འཇུག་པ་རྣམས་ཀྱིས་ཉེན་རྟོག་པ་གནས་ཁུལ་དང་། གསར་འགོད་པའི་རླངས་འཁོར། གསར་འགོད་པ་བཅས་ལ་རྡོ་གཞུ་བ་སོགས་ཀྱིས་དྲག་རྒོལ་སྤེལ་འགོ་ཚུགས་འདུག ད་དུང་། མེ་གསོད་རླངས་འཁོར་ཡང་མེར་སྲེག་བཏང་བའི་གནས་ཚུལ་ཐོན། གསར་ལམ་ཁག་ནས་བརྗོད་གསལ་ལྟར་ན། མངའ་སྡེ་དེ་གའི་ཉེ་ཁུལ་ཁག་ཏུ་བླ་དཔོན་དེའི་རྗེས་འཇུག་པ་འབུམ་གཉིས་(200,000)ལྷག་གིས་ངོ་རྒོལ་ཟིང་འཁྲུག་ལས་འགུལ་ལ་ཞུགས་འཆར་གྱི་ཉེན་ཚབས་ཡོད་པར་བརྗོད།

ད་སྐབས་ཧ་རི་ཡ་ན་མངའ་སྡེ་དང་པན་འཇབ་མངའ་སྡེ་གཉིས་སུ་ཆུ་ཚོད་72རིང་དྲ་རྒྱའི་ཞབས་ཞུ་ཡོངས་སུ་བཅད་དེ། ཟིང་འཁྲུག་འཕར་མ་སྔོན་འགོག་ལ་འབད་བཞིན་ཡོད་པའི་གནས་ཚུལ་བརྗོད། དེ་རིང་ཉེས་ཅན་པར་བསྒྲགས་པའི་བླ་དཔོན་གྷུར་མི་ཏི་སིང་ནི་ཆོས་ལུགས་ཀྱི་བླ་མ། སྤྱི་ཚོགས་བཅོས་སྒྱུར་བ། གློ་བརྙན་འཁྲབ་སྟོན་པ། གློག་བརྙན་བཟོ་སྐྲུན་པ། གཞས་པ་བཅས་སྒྱུ་རྩལ་གྱི་ལས་རིགས་འདྲ་མིན་ཐོག་ལས་ཀ་བྱེད་བཞིན་ཡོད་འདུག ཁོང་ནི་སྤྱི་ལོ་1990ཟླ་9ཚེས་23ཉིན་ནས་རྡ་ར་ས་ཆཱ་ཆོས་བརྒྱུད་ཀྱི་གཙོ་གནད་བླ་དཔོན་མཐོ་ཤོས་དེ་ཉིད་དུ་གྱུར་འདུག སྤྱི་ལོ་2015ལོར་རྒྱ་གར་གྱི་དབང་ཤུགས་ཆེ་ཤོས་མི་སྣ་100ནང་དུ་ཚུད་ཡོད་པ་དང་། སྤྱི་ལོ་2016ལོར་རྒྱ་གར་གྱི་གློག་བརྙན་གྱི་གཟེངས་རྟགས་མཐོ་ཤོས་རྡ་རྡ་ས་ཧིབ་པལ་ཁི་གཟེངས་རྟགས་(Dadasaheb Phalke Award)ཞེས་པ་ཐོབ་འདུག

གྲོང་ཁྱེར་གྱི་ས་གནས་གང་སར་དྲག་ཆས་དམག་མི་འགྲེམས་འཇོག་བྱེད་བཞིན་འདུག#600 soldiers being deployed in Panchkula.

བཙན་གཡེམ་གྱི་གྱོད་དོན་དེ་ཉིད་སྤྱི་ལོ་2002ལོར་འགོ་འཛུགས་བྱས་པ་ཞིག་དང་། འདས་པའི་ལོ་ངོ་15རིང་གྱོད་དོན་དེ་ཉིད་ཐག་ཆོད་བྱུང་མེད་པར་ལུས་འདུག གྱོད་གཞི་དེའི་གནོད་འཚེ་ཕོག་ཡུལ་བླ་དཔོན་དེའི་སློབ་མ་བུད་མེད་གཉིས་ཀྱིས་ སྤྱི་ལོ་2002ལོར་ཐད་ཀར་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ཝ་ཇི་བྷའེ་(Atal Vajpayee)ལ་ཞུ་གཏུགས་སྙན་ཞུ་ཕུལ་ཡོད་པ་དང་། སྐབས་དེ་ནས་གྱོད་གཞི་དེ་ཉིད་རྒྱ་གར་དབུས་ཆེས་མཐོའི་ཞིབ་དཔྱོད་ཉེན་རྟོག་ལྷན་ཁང་(CBI)གིས་འགན་འཁུར་བླངས་འདུག མཐར་དེ་རིང་སྤྱི་ལོ་2017ཟླ་8ཚེས་25ཉིན་གྱོད་དོན་དེ་ཉིད་དངོས་སུ་ཆེས་མཐོའི་ཞིབ་དཔྱོད་ཉེན་རྟོག་ལྷན་ཁང་གི་དམིགས་བསལ་ཁྲིམས་ཁང་(Special CBI Court)ནས་ཐག་ཆོད་བྱུང་སྟེ། བླ་དཔོན་གྷུར་མི་ཊི་སིང་དུས་བཀག་བཙོན་འཇུག་ལོ་7བྱ་རྒྱུའི་གཏན་ཁེལ་བྱུང་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།