བྱང་ཀོ་རི་ཡས་ཨ་རིར་གྲོས་མོལ་བྱ་ཟེར། ལྷོ་བྱང་ཇེ་ཉེ་ཇེ་མཐུན། ཨ་རིའི་ནད་གསར།

0
1435
འདི་ལོའི་དགུན་དུས་ཨོ་རྩེད་འགྲན་བསྡུར་དེ་ཉིད་ལྷོ་ཀོ་རི་ཡའི་རྒྱལ་སར་ཟླ་འདིའི་ཚེས་9-25བར་ཚོགས་ཡོད་པ་དང་། འགྲན་ཞུགས་པ་རྒྱལ་ཁབ་92ནས་རྩེད་འགྲན་པ་2914མཉམ་ཞུགས་བྱུང་འདུག #The official emblem of the 2018 Pyeongchang Olympic Winter Games is seen in downtown Seoul, South Korea.

བྱང་ཀོ་རི་ཡ། ཧྥོང་ཡན། སྤྱི་ལོ་2018ཟླ་2ཚེས་26ཉིན། ད་ལྟ་ཆུ་ཚོད་གཉིས་ཀྱི་སྔོན་དུ་དབྱིན་ཡུལ་གྱི་གསར་ཁང་གྲགས་ཅན་ལྟ་སྲུང་བས་(The Guardian)གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཀོ་རི་ཡར་ཚོགས་ཟིན་མ་ཐག་པའི་དགུན་དུས་ཨོ་རྩེད་འགྲན་བསྡུར་ཆེན་མོའི་མཇུག་སྡོམ་མཛད་སྒོའི་ཐོག་བསླེབས་པའི་བྱང་ཀོ་རི་ཡའི་མཐོ་རིམ་སྐུ་ཚབ་ཀྱིས་ལྷོ་ཀོ་རི་ཡ་བརྒྱུད་དེ་བརྗོད་དོན། བྱང་ཀོ་རི་ཡས་ཨ་རིར་ཐད་ཀར་གྲོས་མོལ་བྱ་རྒྱུའི་འཆར་གཞི་ཡོད་སྐོར་གླེང་ཡོད་པའི་གནས་ཚུལ་ཐོན་འདུག དེ་མཚུངས་ལྷོ་ཀོ་རི་ཡའི་ཕོ་བྲང་སྔོན་པོའི་ངོས་ནས་ཀྱང་གསལ་བརྗོད་གནང་དོན།“བྱང་ཀོ་རི་ཡས་དོན་དངོས་ཐོག་ལྷོ་བྱང་ཀོ་རི་ཡ་གཉིས་དང་ཨ་རི་བཅས་ཀྱི་འབྲེལ་ལམ་དེ་ཉིད་རིམ་པ་གོང་འཛེགས་ཀྱིས་ཡར་རྒྱས་ཡོང་བ་བྱ་རྒྱུར་འདུན་པ་ཆེན་པོ་འདུག”ཅེས་འགྲེལ་བརྗོད་བྱས་འདུག

དེ་ཡང་ཁ་སང་རེས་གཟའ་ཉི་མའི་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་ཕོ་བྲང་སྔོན་པོར་བྱང་ཀོ་རི་ཡའི་ཆེས་མཐོའི་སྐུ་ཚབ་གཞུང་འཛིན་ཆབ་སྲིད་ཚོགས་པའི་ཚོགས་གཙོ་དམག་དཔོན་ཀིམ་ཡོང་ཆུལ་(Kim Yong-chol)དང་། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་(Moon Jae-in)གཉིས་མཇལ་འཕྲད་གནང་འདུག མཇལ་འཕྲད་དེ་ཉིད་མཇུག་བསྒྲིལ་རྗེས་ལྷོ་ཀོ་རི་ཡའི་གཞུང་ཕྱོགས་ནས་གསར་འགོད་པར་འགྲེལ་བརྗོད་བྱས་དོན། བྱང་ཀོ་རི་ཡར་འབྱུང་འགྱུར་གྲོས་མོལ་གྱི་འདུན་པ་ཇི་ཡོད་གོང་སྨྲོས་ལྟར་གསལ་བརྗོད་བྱས་ཡོད་པའི་གནས་ཚུལ་བརྗོད། ལྡོག་ཕྱོགས་ནས་དཔྱད་བརྗོད་པ་དག་གིས་བརྗོད་དོན་ལྟར་ན་ད་ལྟའི་ཆར་བྱང་ཀོ་རི་ཡར་ཨ་རི་གཙོས་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་ཀྱི་ནུས་པ་ཤུགས་ཆེན་ཐོན་སྟེ་ཡུལ་དེ་གར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་འགྲེལ་བརྗོད་བྱེད་བཞིན་ཡོད་འདུག

མདུན་བསྟར་གཡས། ཨ་རིའི་སྲིད་འཛིན་གཞོན་པ། རྒྱབ་བསྟར་གཡོན། བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇུང་ཨུན་གྱི་གཅུང་མོ། དགུན་དུས་ཨོ་རྩེད་སྒོ་འབྱེད་མཛད་སྒོའི་ཐོག་གི་འདྲ་པར། #Vice President Mike Pence and his wife Karen watch on during the Opening Ceremony of the PyeongChang 2018 Winter Olympic Games. Behind pence sits Kim Yo-jong (back left), the sister of North Korean leader Kim Jong-Un.

མཇུག་བསྒྲིལ་མ་ཐག་པའི་དགུན་དུས་ཨོ་རྩེད་འགྲན་བསྡུར་ཆེན་མོའི་དེའི་སྒོ་འབྱེད་མཛད་སྒོའི་ཐོག་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གྱི་གཅུང་མོ་བསླེབས་ཡོད་པ་དང་།  དེ་མཚུངས་ཨ་རིའི་སྲིད་འཛིན་གཞོན་པ་ཡང་བསླེབས་ཡོད། གསར་ལམ་ཁག་ན་མངོན་གསལ་ལྟར་ན་སྐབས་དེར་ཨ་བྱང་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱི་རྣམ་འགྱུར་ཡང་ཕྲུ་གུ་ཁྲོས་པའི་རྣམ་པ་དང་གཉིས་མེད་ཡིན་ཚུལ་གསལ་བཞིན་འདུག དེ་མཚུངས་སྐབས་དེའི་ཡུལ་གཉིས་ཀྱི་འགོ་ཁྲིད་ཀྱི་རྣམ་འགྱུར་རྣམས་ཆོབ་ཚ་བའི་གསར་འགྱུར་ལ་བསྒྱུར་ནས་སྤྱི་ཚོགས་དྲ་ལམ་ཁག་ན་ཁྱབ་བཞིན་མཆིས།

ཕྱོགས་གཞན་ནས་བྱང་ཀོ་རི་ཡའི་ཆེས་མཐོའི་སྐུ་ཚབ་དམག་དཔོན་ཀིམ་ཡོང་ཆུལ་ལྷོ་བྱང་ཀོ་རི་ཡའི་ས་མཚམས་ནས་ལྷོ་ཀོ་རི་ཡས་ཕེབས་བསུ་བྱེད་སྐབས། ངོ་རྒོལ་བ་དང་གསར་འགོད་པ་སོགས་ཀྱིས་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་བསྟན་སྟེ། སྤྱི་ལོ་2010ལོར་ལྷོ་ཀོ་རི་ཡའི་དམག་གྲུ་བསྣུབས་ནས་ཁྱོན་དམག་མི་གྲངས་46དམར་གསོད་བཏང་བའི་བྱས་ཉེས་དམག་དཔོན་དེ་ཉིད་ལ་ཡོད་སྐོར་བརྗོད་ཡོད་འདུག ད་དུང་། དམག་དཔོན་དེ་ཉིད་ཀྱིས་བྱང་ཀོ་རི་ཡའི་གྲོས་མོལ་བའི་སྣེ་ཁྲིད་བྱ་རྒྱུའི་འོས་བབ་མེད་སྐོར་བརྗོད་དེ་ངོ་རྒོལ་ཤུགས་ཆེན་སྤེལ་ཡོད་འདུག སྤྱིར་ཉེ་ལམ་དགུན་དུས་ཨོ་རྩེད་འགྲན་བསྡུར་སྐབས་སུ་ཨ་རིའི་སྲིད་འཛིན་གཞོན་པ་དང་བྱང་ཀོ་རི་ཡའི་སྐུ་ཚབ་བར་དུ་ཐུག་འཕྲད་ཐུང་ངུ་ཞིག་བྱ་འཆར་བསྒྲིགས་ཀྱང་ཐུག་འཕྲད་བྱུང་ཁར་ཨ་རིའི་སྲིད་འཛིན་གཞོན་པས་བྱང་ཀོ་རི་ཡའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་ཀྱི་མེད་ཚུལ་བརྗོད་པས་ཐུག་འཕྲད་དེ་ཉིད་ཕྱིར་འཐེན་བྱུང་ཡོད།

ལྷོ་བྱང་ཀོ་རི་ཡ་མཉམ་འདུས་རུ་དར་གཅིག་གི་འོག་སྤྱི་ལོ་2018ལོའི་དགུན་དུས་ཨོ་རྩེད་མཛད་སྒོའི་སྒོ་འབྱེད་ཐོག་གོམ་བགྲོད་བྱེད་བཞིན་པ།#North and South Korea marched under a united flag at the 2018 Winter Olympics opening ceremony in Pyeongchang on Friday in a symbolic break in tensions between the two nations over North Korea’s nuclear program.

གནས་ཚུལ་གཞན་ཞིག་ནི་ལྷོ་བྱང་ཀོ་རི་ཡ་གཉིས་སྔར་ལས་ཇེ་མཐུན་དུ་སྣང་ཞིང་། དགུན་དུས་ཨོ་རྩེད་འགྲན་བསྡུར་དེ་ཉིད་ཀྱི་སྒོ་འབྱེད་མཛད་སྒོའི་སྐབས་སུ་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གྱི་གཅུང་མོ་དངོས་སུ་ལྷོ་ཀོ་རི་ཡས་ཆེས་བདེ་འཇགས་ངང་བསུ་སྐྱེལ་ཧ་ཅང་གཟབ་རྒྱས་བྱས་ཤིང་། མཛད་སྒོའི་ཐོག་ཨ་རིའི་སྲིད་འཛིན་གྱི་བུ་མོ་དང་རྐུབ་སྟེགས་སོགས་འདྲ་མཉམ་ངང་གོ་སྒྲིག་བྱས་འདུག  དེའི་ཐོག་བྱང་ཀོ་རི་ཡའི་གཞུང་འཛིན་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཡང་དེ་མཚུངས་སུ་བསུ་སྐྱེལ་གཟབ་རྒྱས་བྱས་ཡོད། དེ་ལས་ལྷག་པའི་གནས་ཚུལ་ཞིག་ནི་དགུན་དུས་ཨོ་རྩེད་འགྲན་བསྡུར་དེ་ཉིད་ཀྱི་སྒོ་འབྱེད་མཛད་སྒོའི་ཐོག་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས། ཀོ་རི་ཡ་ཡོངས་སུ་ཚུད་པའི་ས་ཁྲ་ཅན་གྱི་མཉམ་འདུས་རུ་དར་གཅིག་གི་འོག་ནས་གོམ་བགྲོད་ལ་ཞུགས་རྒྱུའི་མོས་མཐུན་བྱུང་བ་བཞིན་གནས་ཚུལ་དེ་ཉིད་མངོན་འགྱུར་བྱུང་ཡོད། ད་དུང་། རྩེད་འགྲན་ཁག་གཉིས་ཙམ་གྱི་ནང་དུ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ལྷན་དུ་རུ་ཁག་གཅིག་བཟོས་ཏེ་རྒྱལ་ཁབ་གཞན་ལ་འགྲན་བསྡུར་ལ་ཞུགས་པའི་གསར་འགྱུར་ཐོན་ཡོད།

གོང་གི་གནས་ཚུལ་དེ་དག་གི་ཐོག་དགག་ཕྱོགས་ཆབ་སྲིད་པ་དུ་མ་ཞིག་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་གྱི་ལས་ཕྱོགས་ལ་སྐྱོན་འཛུགས་ཤུགས་ཆེན་བྱ་མུས་རེད་འདུག་ཅིང་། བྱང་ཀོ་རི་ཡའི་གཞུང་འཛིན་ཆབ་སྲིད་ཚོགས་པའི་ཚོགས་གཙོ་དམག་དཔོན་ཀིམ་ཡོང་ཆུལ་ལྷོ་ཀོ་རི་ཡར་གདན་ཞུ་བྱས་པ་ནི་ཨ་རི་དང་དེ་སྔའི་ལྷོ་ཀོ་རི་ཡའི་ལངས་ཕྱོགས་ལ་འགལ་ཟླར་ལངས་པར་ངོས་འཛིན་བྱེད་བཞིན་ཡོད་འདུག  དེ་ནི་དམག་དཔོན་དེ་ཉིད་ཨ་རིའི་གཞུང་དང་ལྷོ་ཀོ་རི་ཡའི་གཞུང་གིས་དེ་སྔོན་ནག་ཐིག་ཅན་གྱི་མི་སྣ་དང་བྱང་ཀོ་རི་ཡའི་སྐུ་ཚབ་ཀྱི་འོས་བབ་མེད་པའི་མིང་ཐོ་ནག་པོའི་ནང་བཅུག་ཡོད་པ་རེད་འདུག

རྩེད་འགྲན་མཇུག་བསྒྲིལ་བ་དང་ལྷོ་བྱང་ཀོ་རི་ཡ་གཉིས་རྒྱལ་ཁབ་གཉིས་སུ་གྱེས་ཏེ་རང་ཕྱོགས་སུ་ལོག་བཞིན་པ།#With Olympics Over, Team Korea Goes Back to Being 2 Countries.

དེ་མཚུངས་ཉིན་ཤས་སྔོན་དུ་བྱང་ཀོ་རི་ཡའི་ཆེས་མཐོའི་སྐུ་ཚབ་དམག་དཔོན་ཀིམ་ཡོང་ཆུལ་ལྷོ་ཀོ་རི་ཡར་མ་འབྱོར་བའི་ཉིན་གཅིག་ཏག་ཏག་གི་སྔོན་དུ་བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དོན།“བྱང་ཀོ་རི་ཡའི་རྡུལ་ཕྲན་གོ་མཚོན་དེ་དག་ཨ་རི་ཁོ་ནའི་ཐོག་ཏུ་ཁ་ཕྱོགས་ཡོད། དེ་བཞིན་ཨ་རིའི་དམག་ཤུགས་ཀྱིས་ལྷོ་བྱང་ཀོ་རི་ཡ་གཅིག་ཏུ་བསྒྱུར་འཆར་གྱི་སྟ་གོན་ཙམ་ལའང་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡོད།”ཅེས་བརྗོད་ཡོད་འདུག ཨ་རིས་བྱང་ཀོ་རི་ཡའི་ཐོག་ཏུ་སྔར་ལས་ཛ་དྲག་པའི་དངུལ་དང་ཚོང་གི་ཉེས་ཆད་ཇེ་མང་དུ་གཏོང་རྒྱུའི་གྲ་སྒྲིག་ཟིན་པར་གླེང་ཞིང་། དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། སྲིད་འཛིན་ཀྲམ་ཧྥི་ཡིས་སྣེ་འཁྲིད་པའི་ཕོ་བྲང་དཀར་པོས་བྱང་ཀོ་རི་ཡའི་ཐོག་ཏུ་ཉེས་ཆད་གནས་རིམ་གཉིས་པ་ཞེས་ཁྱོན་བསྡོམས་ཚོང་འགྲུལ་གྲུ་ཆེན་50ལྷག་དང་། ཚོང་ཚོགས་50ལྷག་གིས་བྱང་ཀོ་རི་ཡར་འབྲེལ་ལམ་གཅོད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།