བྱང་ཀོ་རི་ཡས་དངོས་སུ་ཨ་རིའི་གྷོམ་མཚོ་གླིང་ཐོག་དྲག་རྒོལ་བྱ་ཟེར།

0
9458
ད་སྐབས་དངོས་སུ་ཨ་བྱང་གཉིས་ཀྱི་དམག་འཁྲུག་ཉེན་ཚབས་ཧ་ཅང་ཇེ་ཆེར་འགྲོ་བཞིན་པར་བརྗོད་བཞིན་འདུག

བྱང་ཀོ་རི་ཡ། ཧྥོང་ཡན། སྤྱི་ལོ་2017ཟླ་8ཚེས་9ཉིན། ད་ལྟ་ཨ་རིའི་CNNགསར་ཁང་གཙོས་རྒྱལ་སྤྱིའི་བརྙན་འཕྲིན་གསར་ཁང་ཕལ་མོ་ཆེས་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། དེ་རིང་ཞོགས་པ་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་KCNAཡིས་གསལ་བསྒྲགས་སྤེལ་དོན། “ད་ལྟའི་ཆར་ང་ཚོས་མེ་ཤུགས་འཕུར་མདའ་སྙོབ་ཚད་འབྲིང་རིང་བར་མ་ཞིག་གིས། ཨ་རིའི་མངའ་ཁོངས་གྷོམ་(Guam)མཚོ་གླིང་ཁུལ་དུ་དྲག་རྒོལ་བྱ་རྒྱུའི་སྦྱོང་བརྡར་ནན་ཏན་བྱེད་བཞིན་ཡོད།”ཅེས་བརྗོད་འདུག དམིགས་བསལ་དེ་རིང་བྱང་ཀོ་རི་ཡས་ཨ་རིའི་གྷོམ་མཚོ་གླིང་ཐོག་ཏུ་ཡོད་པའི་མཁའ་དམག་ལྟེ་གནས་ལ་དྲག་རྒོལ་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད་སྐོར་བརྗོད་པའི་གནས་ཚུལ་ཐོན་བཞིན་འདུག

སྤྱིར་གྷོམ་མཚོ་གླིང་ནི་ནུབ་ཞི་བདེ་རྒྱ་མཚོ་ཁུལ་དུ་ཡོད་པའི་ཨ་རིའི་མངའ་ཁོངས་ཀྱི་མཚོ་གླིང་གལ་ཆེན་ཞིག་ཆགས་ཀྱི་ཡོད། བྱང་ཀོ་རི་ཡས་དམིགས་འབེན་དུ་བཟུང་སའི་གྷོམ་མཚོ་གླིང་ཐོག་གི་མཁའ་དམག་ལྟེ་གནས་དེའི་མིང་ལ་ཨན་ཊར་སེན་མཁའ་དམག་ལྟེ་གནས་(Andersen Air Force Base)ཞེས་འབོད་ཅིང་། མཁའ་དམག་ལྟེ་གནས་དེ་ནི་ཨ་རིའི་ཞི་བདེ་རྒྱ་མཚོའི་ཁུལ་གནས་མཚོ་གླིང་ཐོག་གི་མཁའ་དམག་ལྟེ་གནས་གཉིས་ཡོད་པའི་གཅིག་ཤོས་དེ་ཉིད་ཆགས་ཡོད་པར་བརྗོད། སྤྱིར་བྱང་ཀོ་རི་ཡར་ཨ་རིས་གཡུལ་བཤམ་ཚེ་གྷོམ་མཚོ་གླིང་གི་མཁའ་དམག་ལྟེ་གནས་དེ་ཉིད་གཙོ་གནད་ཅིག་ཆགས་བཞིན་ཡོད་ལ་བྱང་ཀོ་རི་ཡའི་ས་ཐོག་ནས་ཨ་རིའི་ས་ཐོག་ལ་རྒྱང་ཐག་ཉེ་ཤོས་དེ་ཉིད་ཆགས་ཡོད། དེར་བརྟེན་བྱང་ཀོ་རི་ཡའི་གཤམ་ནས་རྒྱང་ཐག་སྤྱི་ལེ་3444Kmཡོད་པའི་གྷོམ་མཚོ་གླིང་དེ་ཉིད་ཀིམ་ཇུང་ཨུན་གྱི་དམིགས་འབེན་དང་པོར་གྱུར་འདུག

བྱང་ཀོ་རི་ཡས་ཨ་རིའི་གྷོམ་མཚོ་གླིང་ལ་ཁ་བསྐོར་ནས་བཞག་པར་གླེང་བའི་རྡུལ་མཚོན་མདའ། #Where is Guam? This picture was taken on May 14 and released from North Korea’s official Korean Central News Agency.

ཀྲམ་ཧྥི་ཡི་ངར་སྐད་ལ་ལན་
འདེབས་ཕོག་པ།

དང་ཐོག་ཁ་སང་སྤྱི་ཚེས་8ཉིན་ཨ་རིའི་ཀྲམ་ཧྥི་ཡིས་བྱང་ཀོ་རི་ཡར་ངར་སྐད་དྲག་པོས་ཉེན་བརྡ་བཏང་དོན། “ལྷ་རབ་བྱུང་ན་ བྱང་ཀོ་རི་ཡས་ཨ་རིར་མུ་མཐུད་གནོད་སེམས་མ་བཅངས་ན་ཡག་ཤོས་རེད། དེ་མིན་འཛམ་གླིང་འདིའི་ཐོག་ནམ་ཡང་མཐོང་མྱོང་མེད་པའི་མེ་ཆར་གི་དྲག་བརྡུང་གཏོང་རྒྱུ་ཡིན། ངས་ཆེད་དུ་བསྐྱར་བརྗོད་བྱ་འདོད་པ་ནི་ཀིམ་ཇུང་ཨུན་གྱིས་རྒྱུན་གཏན་གྱི་ས་མཚམས་ལས་ཡོངས་སུ་བརྒལ་ཏེ་ཨ་རིར་འཇིགས་སྐུལ་ཧ་ཅང་མང་པོ་བྱེད་བཞིན་འདུག དེར་བརྟེན་ངས་ཁྱོད་ལ་ཁ་གསང་པོས་བརྗོད་རྒྱུར་ང་ཚོར་གདོང་ཐུག་བྱེད་པ་ནི་མེ་དང་སྟོབས་ལ་གདོང་ཐུག་བྱེད་བཞིན་ཡོད། ནུས་པ་དེ་གཉིས་འཛམ་གླིང་འདིས་དེ་སྔ་ནམ་ཡང་མཐོང་མྱོང་མེད།”ཞེས་བརྗོད་ཡོད།

གྷོམ་མཚོ་གླིང་དང་འབྲེལ་ཡོད་ས་ཁྲ། #Map of Guam and Nearby countries.

གོང་གི་གནད་དོན་དེ་ནི་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་ཁ་སང་སྤེལ་བའི་ཡོངས་ཁྱབ་ཀྱི་ཉེན་བརྡ་ཞིག་ཆགས་ཡོད། དེ་ཡང་ཁ་སང་ཨ་རིའི་ཆེད་དོན་གསང་བའི་མི་སྣ་དང་ཉམས་ཞིབ་པས་བརྗོད་རྒྱུར། བྱང་ཀོ་རི་ཡས་ད་སྐབས་དངོས་སུ་གླིང་ཕྲན་ཕན་ཚུན་སྙོབ་ནུས་ལྡན་པའི་རྒྱང་སྐྱོད་མེ་ཤུགས་འཕུར་མདའི་ནང་དུ་རྡུལ་མཚོན་བླུགས་ཏེ། དམག་རྒྱག་ལ་གྲ་སྒྲིག་ཨང་གསར་ཟིན་སྐོར་བརྗོད་ཅིང་། ཨ་རིའི་ས་ཁུལ་གང་དུའང་འདོད་མོས་བཞིན་དྲག་རྒོལ་བྱ་ཐུབ་ཚུལ་གླེང་བཞིན་འདུག དེའི་ལན་དུ་སྲིད་འཛིན་ཀྲམ་ཧྥི་ཡིས་རང་ཉིད་ཀྱི་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་བརྒྱུད་བརྗོད་དོན། “ང་ཚོའི་རྡུལ་མཚོན་རྣམས་སྔར་ལས་ལྡབ་འགྱུར་གྱིས་གོང་འཕེལ་དང་དེང་དུས་ཅན་དུ་བསྒྱུར་ཡོད། ང་ཚོའི་རེ་བར་དེ་དག་ནམ་ཡང་བེད་སྤྱོད་བྱ་མི་དགོས་ན་བསམ་བཞིན་ཡོད། འོན་ཀྱང་། འབྱུང་འགྱུར་འཛམ་གླིང་འདིའི་ནང་ཨ་རི་ལས་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཡོང་རྒྱུའི་དུས་སྐབས་ཤར་མི་སྲིད་པས་དུས་ལ་དཔག་པའི་གནས་ཚུལ་ར་འཕྲོད་ཡོང་གི་རེད།”ཅེས་བརྗོད་འདུག

ཨ་རིའི་རྒྱལ་སྲིད་དྲུང་ཆེའི་
འགྲེལ་བརྗོད།

དེ་རིང་བྱང་ཀོ་རི་ཡའི་ཉེན་བརྡ་དེ་ཉིད་འཛམ་གླིང་ཡོངས་ལ་ཁྱབ་རྗེས། ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་ཊེ་ལར་སན་(Rex Tillerson)ལགས་ཀྱིས་གསར་འགོད་པར་བརྗོད་དོན། “སྲིད་འཛིན་ཀྲམ་ཧྥི་ཡི་འཇིགས་སུ་རུང་བའི་ཉེན་བརྡའི་ནང་དོན་དེ་ཉིད་ཀིམ་ཇུང་ཨུན་གྱིས་ཤེས་ཡོད་ཚོད་རེད། སྤྱིར་བྱང་ཀོ་རི་ཡས་ཨ་རིར་གནོད་འཚེ་གཏོང་ནུས་ལྡན་པར་ཡིད་ཆེས་བྱེད་ཀྱི་མེད། དེ་ལས་ཨ་རི་བ་རྣམས་དངོས་གནས་མཚན་ལ་གཉིད་ལྷོད་པོར་ཉལ་སྡོད་དགོས།”ཞེས་བརྗོད་སོང་། ཕྱོགས་གཞན་ནས་ཁོང་གིས་སྲིད་འཛིན་ཀྲམ་ཧྥི་ཉེན་བརྡའི་ཐད་བསྐྱར་འགྲེལ་གནང་དོན། “སྲིད་འཛིན་ཀྲམ་ཧྥི་ཡི་ཉེན་བརྡ་དེ་ནི་བྱང་ཀོ་རི་ཡས་ཨ་རིའི་ཐད་རྩིས་ལོག་ཐེབས་རྒྱུར་སྔོན་འགོག་བྱས་པ་ཞིག་རེད། སྲིད་འཛིན་ཀྲམ་ཧྥི་ཡིས་བྱང་ཀོ་རི་ཡར་བརྡ་ལན་ནན་པོ་ཞིག་སྤྲོད་བཞིན་པ་ནི། ཐ་སྙད་སྤྱོད་སྟངས་ཁོ་ནའི་ཐད་ནས་ཀིམ་ཇུང་ཨུན་གྱིས་གོ་ཚོད་པ་ཞིག་བཟོས་ཡོད།”ཅེས་བརྗོད་འདུག

ཨ་རིའི་རྒྱལ་སྲིད་དྲུང་ཆེ་སྐུ་ཞབས་ཊེ་ལར་སན་ལགས། #Secretary of state Rex Tillerson.

འོན་ཀྱང་། ཁོང་གིས་གསལ་བརྗོད་བྱས་དོན། “གྷོམ་མཚོ་གླིང་ནི་བྱང་ཀོ་རི་ཡའི་ཉེན་ཚབས་འོག་གནས་པའི་ས་གནས་གཅིག་པུ་དེ་མ་རེད། འོན་ཀྱང་། དེ་རིང་ངའི་གནམ་གྲུ་གྷོམ་མཚོ་གླིང་ཐོག་ཏུ་སྣུམ་སྣོན་ཆེད་འབབ་འཆར་ཕྱིར་འཐེན་བྱས་པ་དེ་ཉིད་བྱང་ཀོ་རི་ཡའི་ཉེན་བརྡ་དང་འབྲེལ་བ་མེད།”ཅེས་བརྗོད་འདུག ཕྱོགས་གཞན་ནས་ཁོང་གིས་མུ་མཐུད་བྱང་ཀོ་རི་ཡའི་ངར་སྐད་དང་ཉེན་བརྡའི་རྒྱུ་རྐྱེན་ཐད་བརྗོད་དོན།“ད་མཚམས་བྱང་ཀོ་རི་ཡར་འཛམ་གླིང་རྒྱལ་ཁབ་དུ་མའི་གནོན་ཤུགས་ཀྱི་ཤུགས་རྐྱེན་དངོས་སུ་བསླེབ་འགོ་ཚུགས་ཟིན་པས། ཁོ་ཚོའི་ངར་སྐད་ཇེ་མཐོར་འགྲོ་ངེས་ཤིང་། དེ་མཚུངས་ཉེན་ཚབས་ཀྱང་ཇེ་ཆེར་འགྲོ་མུས་རེད།”ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།