བྱང་ཀོ་རི་ཡའི་ལོ་ལྔའི་འཆར་གཞི་ཆེན་པོ། ཁེར་ལུས་རྒྱལ་ཁབ་ཀྱི་མདུན་སྐྱོད་རླབས་ཆེན།

0
1898
འབྱུར་འགྱུར་ལོ་ལྔའི་ནང་བྱང་ཀོ་རི་ཡས་རྒྱལ་སྤྱིའི་ནང་མཁའ་སྐྱོད་ལས་འཆར་ཐད་མདུན་སྐྱོད་རླབས་ཆེན་བྱ་འཆར་འདུག་ཅིང་། རིམ་པས་ཟླ་བའི་ཐོག་སྐྱོད་འཆར་ཡོད་ཅེས་བརྗོད་འདུག#North Korea was planning a moon mission, Hyon Kwang-il, director of the scientific research department at NADA, said the satellite had completed 2,513 orbits and had transmitted 700 photographic images in the day following its launch.

རྩོམ་སྒྲིག་པའི་རང་གཏམ།
རྒྱལ་སྤྱིའི་ཆབ་སྲིད་ཚན་རིག

བྱང་ཀོ་རི་ཡ། ཧྥོང་ཡན། སྤྱི་ལོ་2017ཟླ་10ཚེས་30ཉིན། ད་ལྟ་ཆུ་ཚོད་གཅིག་ཙམ་གྱི་སྔོན་དུ་ཨ་རིའི་བདུན་རེའི་གསར་ཁང་(News Week | US Edition)དང་།  ཨ་རིའི་དེ་རིང་གསར་ཁང་།(US Today)སོགས་ཀྱིས་གནས་ཚུལ་སྤེལ་གསལ། དེ་རིང་རེས་གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡས་གཞུང་འབྲེལ་དྲིལ་བསྒྲགས་གསར་ཁང་ཆེ་གྲས་ངལ་རྩོལ་ཚོགས་པའི་ཚགས་པར་(Rodong Sinmun Newspaper)ཞེས་པའི་ཐོག་ཡོངས་གྲགས་སྤེལ་ཏེ་བརྗོད་དོན། འབྱུང་འགྱུར་ལོ་ལྔའི་ནང་བྱང་ཀོ་རི་ཡས་མཁའ་སྐྱོད་ལས་གཞི་གོང་འཕེལ་ཤུགས་ཆེན་གཏོང་འཆར་ཡོད་པ་དང་། མུ་མཐུད་བར་སྣང་འཁོར་རྒྱུག་ཐིག་ལམ་(Orbits)དུ་སྲུང་སྐར་དབོར་འདྲེན་གྱི་མེ་ཤུགས་འཕུར་མདའ་གང་མང་གཏོང་རྒྱུའི་དམ་བཅའ་ཡོད་ཅེས་བསྒྲགས་ཡོད་པའི་གནས་ཚུལ་ཐོན་འདུག

དེ་རིང་གི་གནས་ཚུལ་དེ་ནི་རྒྱལ་སྤྱིའི་ནང་བྱང་ཀོ་རི་ཡའི་མདུན་སྐྱོད་ཤུགས་ཆེན་ཞིག་གི་སྟ་གོན་རླབས་ཆེན་ཞིག་ཆགས་ཀྱི་ཡོད། དེ་ཡང་ད་ལྟ་ནས་མ་འོངས་པའི་གོ་ལའི་དབང་སྒྱུར་ཡོངས་སུ་སྲུང་སྐར་གྱི་དབང་འོག་ཏུ་ཚུད་ཟིན་པ་ནི་དངོས་ཡོད་དུ་གྱུར་ཟིན། དེའི་ཕྱིར་འདི་ག་བོད་ཀྱི་དེ་ཕོ་གསར་ཁང་གི་རྩོམ་སྒྲིག་པས་འདས་མ་ད་གསུམ་དུ་བྱང་ཀོ་རི་ཡའི་འབྲེལ་ཡོད་ལོ་རྒྱུས་དང་གནས་ཚུལ་ལ་ཞིབ་ལྟ་བྱས་པ་བརྒྱུད། ཨ་རི་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་དུ་མ་ཞིག་གིས་བྱང་ཀོ་རི་ཡ་ནི་གོ་ལའི་ཐོག་ཁེར་ལུས་གཅིག་འདུས་དབང་འཛིན་པའི་རྒྱལ་ཁབ་ཐ་ཆད་ཅིག་ཡིན་སྐོར་དང་། མ་ཟད། དེ་སྔོན་བྱང་ཀོ་རི་ཡས་རྒྱལ་སྟོན་ཉིན་མོར་སྒྲིག་གཤོམ་བྱས་པའི་མེ་ཤུགས་འཕུར་མདའ་དག་ཀྱང་དངོས་གནས་ཡིན་མི་སྲིད་པའི་མཐོང་ཆུང་གི་ཚོད་དཔག་དུ་མ་ཞིག་ཀྱང་རྒྱལ་སྤྱིའི་གསར་ལམ་ཁག་ལ་ཁྱབ་ཡོད།

བྱང་ཀོ་རི་ཡའི་མཁའ་དཔྱད་ཞིབ་འཇུག་ལྟེ་གནས་ཁང་གསར་ཤོས་ཀྱི་ཕྱི་ངོས།#North Korea’s Latest Space Center.

འོན་ཀྱང་། ཉེ་རབས་ལོ་རྒྱུས་ཁྲོད་ཁེར་ལུས་གཅིག་འདུས་དབང་འཛིན་པའི་རྒྱལ་ཁབ་དེ་ཉིད་ཀྱིས་ནང་དམེའི་ཉག་ཉོག་གི་གནས་ཚུལ་དང་། ཆབ་སྲིད་འཐེན་འཁྱེར་སོགས་དྲག་པོའི་ལམ་ནས་ཡོངས་སུ་རྩ་བཅད་བཏང་རྗེས། དམར་ཤོག་ཚོགས་པའི་ཐ་སྙད་<དངོས་དོན་བདེན་འཚོལ་>ཞེས་པའི་ནང་དོན་ལྟར་རྒྱལ་སྤྱིའི་ནང་ཆབ་དཔལ་རིག་གསུམ་ཐད་འདྲ་མཉམ་གྱི་སྟོབས་ཤུགས་མེད་ཚེ་སྟོབས་ཆེན་རྒྱལ་ཁབ་ཀྱི་བརྙས་བཅོས་མྱོང་དགོས་པ་དངོས་ཡོད་དུ་གྱུར་བ་ར་སྤྲོད་བྱས་ཡོད། དེ་ལྟར་བྱང་ཀོ་རི་ཡས་དམིགས་ཡུལ་ཞིག་དང་ཕུགས་བསམ་རླབས་ཆེན་ཞིག་གི་སྣེ་མོར་འཇུས་ནས་སྟོང་གཏམ་དང་ནང་འཁྲུག་ལ་སྒོ་ཐེལ་བརྒྱབས་ཏེ། རྒྱལ་སྤྱིའི་རང་དབང་ལྡན་པའི་རྒྱལ་ཁབ་ཆེ་གྲས་ཕལ་མོ་ཆེ་ལས་དམག་དོན་དང་ཚན་རྩལ་གང་སྤྱིའི་ཐད་ནས་ཀྱང་ཧ་ཅང་ཐོད་བརྒལ་དུ་འཕུར་ཡོད། དེ་ནི་ཉེ་བའི་ཆར་བྱང་ཀོ་རི་ཡའི་འཕུར་མདའ་དང་ཉིང་རྡུལ་འབར་རྫས་སོགས་ཀྱི་ཚོད་ལྟ་ལེགས་གྲུབ་རིམ་པས་འབྱུང་གིན་ཨ་རི་གཙོས་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་དུ་མ་ཞིག་མཛུབ་མོ་ཁ་ནང་དུ་བཅུག་སྟེ། སྔར་བྱང་ཀོ་རི་ཡར་སྣང་ཆུང་ཚབས་ཆེན་ཤོར་ཚུལ་གྱི་འགྱོད་གཏམ་ཆད་མེད་གླེང་བཞིན་གནས་མུས་ཡིན་པ་རེད་འདུག

ད་ལྟའི་ཆར་བྱང་ཀོ་རི་ཡའི་ས་མཚོ་མཁའ་གསུམ་གྱི་སྲུང་དམག་དང་། གོ་མཚོན་མ་ལག དམག་སྟོབས་ནུས་ཤུགས། དཔལ་འབྱོར་དབང་འཛིན། ཚོང་ལས་གོ་བབ། རྒྱལ་སྤྱིའི་ཤུགས་རྐྱེན་སོགས་ཁྱོན་ཡོངས་ཀྱི་ཐད་ནས་ཉིན་རེ་བཞིན་གོང་འཕེལ་དུ་འགྲོ་བཞིན་ཡོད་པ་མངོན་གསལ་དུ་གནས། མ་ཟད། དེ་རིང་བྱང་ཀོ་རི་ཡའི་དམ་བཅའ་གསར་པ་དེ་ནི་རྒྱལ་སྤྱིའི་རྒྱལ་ཁབ་བརྒྱ་ཆ་90%ལྷག་གིས་རང་ཉིད་ལ་མེད་ཐབས་མེད་པའི་སྲུང་སྐར་ཞབས་ཞུ་ཡོངས་སུ་སྟོབས་ཆེན་རྒྱལ་ཁབ་གཞན་ལ་སྙེ་བཞིན་གནས་མུས་ཡིན་པར་རྫོགས་ཚིག་བཀོད་དེ། རང་ཉིད་རྒྱལ་ཁབ་ཀྱི་སྲུང་སྐར་ཞབས་ཞུ་དང་མཁའ་སྐྱོད་ལས་གཞི་ཁྱོན་ཡོངས་ནས་གོང་འཕེལ་གཏོང་འཆར་གྱི་ཆོད་སེམས་བརྟན་པོ་ཞིག་དྲིལ་བསྒྲགས་བྱས་འདུག

ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གྱིས་བྱང་ཀོ་རི་ཡའི་མཁའ་སྐྱོད་ལས་གཞིའི་འཆར་འགོད་རི་མོར་རྟོག་ཞིབ་བྱེད་བཞིན་པ། #Kim Jong Un inspects models and illustrations of rockets inside the North Korea’s Latest Space Center.

དེ་ཡང་དྲིལ་བསྒྲགས་ཀྱི་གནས་ཚུལ་དེ་དག་ནི་ཁ་སྟོང་ནང་གི་ལྕེ་སྟོང་མིན་པ་དང་། ལུང་ཆུང་ནང་གི་དཔོན་ཆེན་གྱི་གནའ་གཏམ་མིན་པར་ཉེ་བའི་ལོ་རབས་དག་གི་ནང་དུ་བྱང་ཀོ་རི་ཡས་བར་སྣང་འཁོར་རྒྱུག་ཐིག་ལམ་དུ་བདེ་འཇགས་ངང་རང་ཉིད་རྒྱལ་ཁབ་ཀྱི་སྲུང་སྐར་ཆེད་གཏོང་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ལ་ཁྲིམས་མཐུན་གྱི་དེབ་སྐྱེལ་འོག་སའི་གོ་ལའི་གནས་བབ་ལ་མཁའ་དབྱིངས་ནས་ལྟ་ཞིབ་བྱེད་བཞིན་ཡོད། དེ་ནི་ན་ནིང་སྟེ་སྤྱི་ལོ་2016ཟླ་2ཚེས་7ཉིན་ཡུལ་དེ་གའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གྱི་བཀའ་རྒྱའི་འོག་སྐར་མ་འོད་ཆེན་བཞི་པ་(Kwangmyongsong-4)ཞེས་པའི་སྲུང་སྐར་དེ་ཉིད་བྱང་ཀོ་རི་ཡའི་སོ་ཧེའི་མཁའ་དཔྱད་ལྟེ་གནས་ཁང་(Sohae Space Center)ནས་མཁའ་དབྱིངས་སུ་བཏང་ཡོད།

སྐབས་དེར་དང་ཐོག་ཨ་རིའི་བར་སྣང་འབབ་ཚུགས་ཀྱི་སྲུང་སྐར་ཉམས་ཞིབ་པས་བྱང་ཀོ་རི་ཡའི་སྐར་མ་འོད་ཆེན་བཞི་པ་བར་སྣང་འཁོར་རྒྱུག་ཐིག་ལམ་ནང་དུ་བརྟན་པོར་འཛུལ་ཐུབ་མེད་སྐོར་དང་། དེ་རྗེས་བར་སྣང་གི་འཁོར་རྒྱུག་ཐིག་ལམ་ནང་དུ་འཛུལ་ཐུབ་ཀྱང་སྲུང་སྐར་གྱིས་བྱང་ཀོ་རི་ཡའི་ས་ཐོག་གི་སྟངས་འཛིན་ལྷན་ཁང་ལ་གནས་ཚུལ་མཁོ་གཏོང་བྱ་གི་མེད་སྐོར་ཡང་བརྗོད་ཡོད། འོན་ཀྱང་། དུས་ཡུན་གང་འཚམས་སོང་རྗེས་བྱང་ཀོ་རི་ཡའི་སྲུང་སྐར་ཆེད་གཏོང་མི་སྣས་སྲུང་སྐར་སྟངས་འཛིན་ཡོངས་སུ་ཐུབ་སྟེ་བདེ་འཇགས་ངང་བར་སྣང་ནས་བྱང་ཀོ་རི་ཡའི་མཁའ་དཔྱད་ལྟེ་གནས་ཁང་དུ་ས་ཁམས་གནས་ཚུལ་མཁོ་གཏོང་བྱ་འགོ་ཚུགས་ཡོད།

བྱང་ཀོ་རི་ཡའི་མཁའ་སྐྱོད་ལས་འཆར་གྱི་ཚན་རིག་པ་གཙོ་གྲས་གཉིས།#Two top scientists of North Korea’s Space program.

ན་ནིང་གི་བྱང་ཀོ་རི་ཡའི་སྐར་མ་འོད་ཆེན་བཞི་པ་དེ་ནི་འཛམ་གླིང་ནང་རྩོད་མེད་ངང་ལེགས་གྲུབ་བྱུང་བའི་སྲུང་སྐར་ཨང་དང་པོ་དེ་ཡིན་ཞིང་། འདས་པའི་སྤྱི་ལོ་1998ལོར་མཁའ་གཏོང་བྱས་པའི་སྐར་མ་འོད་ཆེན་དང་པོ་དང་། སྤྱི་ལོ་2009ལོར་མཁའ་གཏོང་བྱས་པའི་སྐར་མ་འོད་ཆེན་གཉིས་པ། སྤྱི་ལོ་2012ལོར་མཁའ་གཏོང་བྱས་པའི་སྐར་མ་འོད་ཆེན་གསུམ་པ་བཅས་རིམ་པས་ཡོངས་གྲགས་ཀྱི་ལམ་ལྷོངས་བྱུང་མེད་ཀྱང་། མཁའ་སྐྱོད་ལས་གཞིས་གོ་ལ་དབང་སྒྱུར་བྱེད་བཞིན་པའི་དགོངས་དོན་རྟོགས་པ་ཕྱི་དྲགས་མེད་པའི་གདན་རྟགས་འོག་སྐར་མ་འོད་ཆེན་བཞི་པས། བྱང་ཀོ་རི་ཡ་འཛམ་གླིང་གི་སྒེར་བདག་སྲུང་སྐར་ཡོད་པའི་རྒྱལ་ཁབ་བཅུ་གྲངས་ལས་མེད་པའི་གྲས་སུ་བཅུག་ཡོད། -ཟུར་མཆན། སྐར་མ་འོད་ཆེན་དང་པོ། བྱང་ཀོ་རི་ཡའི་གཞུང་གིས་སྲུང་སྐར་དེ་ཉིད་ལེགས་གྲུབ་བྱུང་བར་བརྗོད་མོད་ཕྱི་ཕྱོགས་ནས་སྲུང་སྐར་དེ་ཉིད་བེད་མེད་ཡིན་སྐོར་གྲགས་ཡོད། སྐར་མ་འོད་ཆེན་གཉིས་པ། སྲུང་སྐར་དབོར་འདྲེན་བྱ་མཁན་གྱི་མེ་ཤུགས་འཕུར་མདས་སྲུང་སྐར་བར་སྐར་འཁོར་རྒྱུག་ཐིག་ལམ་དུ་བསྐྱལ་ཐུབ་མེད། སྐར་མ་འོད་ཆེན་གསུམ་པ། མེ་ཤུགས་འཕུར་མདའ་ས་ཐོག་འཕུར་སྐྱོད་བྱ་འགོ་ཚུགས་ཏེ་སྐར་ཆ་90རྗེས་སུ་འབར་གས་བྱུང་ཡོད།

སྤྱིར་མཁའ་སྐྱོད་ལས་འཆར་དང་སྲུང་སྐར་གྱི་ལས་གཞི་དེ་ནི་སྔོན་ཐོན་རྒྱལ་ཁབ་ཅིག་གི་ཆ་རྐྱེན་ཨང་དང་པོ་ཞིག་ཡིན་པ་དང་། སྲུང་སྐར་བརྒྱུད་གོ་ལའི་ས་འབབ་གནམ་གཤིས་སོགས་སྔོན་ཚུན་ནས་གསལ་རྟོགས་ཐུབ་ཅིང་། དམག་དོན་གནད་དོན་ཚོད་འཛིན་བྱེད་པ། རང་སྲུང་གནད་དོན་ཚད་མཐོ་ཐུབ་པ། རྒྱལ་སྤྱིའི་མི་དམངས་ཀྱི་ཉིན་རེའི་སྤྱོད་སྒོ་བརྙན་འཕྲིན་ནས་ཁ་པར། གཞུང་འཛིན་ལྷན་ཁང་ནས་མཐའ་ས་མཚམས་དམག་མི་བར་སྲུང་སྐར་གྱི་མཐུན་འགྱུར་འོག་འབྲེལ་མཐུད་བྱེད་བཞིན་ཡོད་པ་རེད། རྒྱུན་དུ་སྲུང་སྐར་གྱི་བྱེད་ལས་ལ་རིགས་དུ་མ་ཞིག་ཡོད་པ་དག་ནི། དང་པོ། དམག་དོན་དང་ས་ཐོག་གནས་བབ་རྟོག་ཞིབ་སྲུང་སྐར། གཉིས་པ། འབྲེལ་མཐུད་ཞབས་ཞུའི་སྲུང་སྐར། གསུམ་པ། ཕྱོགས་སྟོན་ཞབས་ཞུའི་སྲུང་སྐར། བཞི་པ། གནམ་གཤིས་སྔོན་བརྡའི་སྲུང་སྐར། ལྔ་པ། མཁའ་དཔྱད་རྟོག་ཞིབ་སྲུང་སྐར། དྲུག་པ། གོ་ལ་གཞན་ལ་སྐྱོད་སྐབས་ཀྱི་འབབ་ཚུགས་དང་རྟོག་ཞིབ་ས་ཚུགས་ལ་སོགས་པ་ཡོད།

རྒྱལ་སྤྱིའི་བར་སྣང་འབབ་ཚུགས།-བར་སྣང་འབབ་ཚུགས་ཀྱི་སྲུང་སྐར་ཆེན་པོ་དེའི་ནང་དུ་ཚན་རིག་པས་རྒྱུན་ལྡན་ས་ཐོག་བཞིན་ལས་ཀ་བྱེད་བཞིན་ཡོད་ཅིང་། སྲུང་སྐར་གྱི་གནད་དོན་ཞིབ་འཇུག་དང་། བཟོ་བཅོས་བྱ་ཡུལ་སོགས་ཀྱི་ལས་གྲྭ་ཡོད། བར་སྣང་འབབ་ཚུགས་སྲུང་སྐར་དེ་ནི་སྤྱི་ལོ་1998ལོར་ཆེས་ཐོར་མར་ཨ་རི་དང་ཨུ་རུ་སུའི་མཉམ་འབྲེལ་ལས་གཞིའི་འོག་ནས་བཏང་བ་ཞིག་རེད་འདུག#International Space Station ISS.

སྤྱི་ལོ་2016ལོའི་སྙན་ཐོ་ལྟར་ན་བར་སྣང་འཁོར་རྒྱུག་ཐིག་ལམ་ནང་དུ་ཁྱོན་སྲུང་སྐར་2271ཡོད་པ་དང་། དེ་དག་གི་ནང་ནས་སྲུང་སྐར་1324ཨུ་རུ་སུའི་ཡིན་པ་རེད་འདུག དེ་རྗེས་སྲུང་སྐར་མང་ཤོས་ཀྱི་རྒྱལ་ཁབ་དེ་ནི་ཨ་རི་ཡིན་པ་དང་། ཁྱོན་སྲུང་སྐར་658ཡོད་པ་རེད་འདུག དེ་ལྟར་ད་ལྟའི་ཆར་འཛམ་གླིང་ཁྱོན་གྱི་ནང་དུ་རྒྱལ་ཁབ་12ཀྱིས་མ་གཏོགས་བར་སྣང་འཁོར་རྒྱུག་ཐིག་ལམ་ནང་དུ་སྲུང་སྐར་ཆེད་གཏོང་བྱ་ཐུབ་མེད་ཅིང་། ན་ནིང་ནས་བྱང་ཀོ་རི་ཡ་ཡང་སྒེར་བདག་སྲུང་སྐར་ཡོད་པའི་རྒྱལ་ཁབ་12དེ་དག་གི་ནང་དུ་ཚུད་ཟིན་ཡོད། དེ་ནི་མཐོང་ཆུང་དང་གཉའ་གནོན། བཙན་གནོན་བཅས་ཀྱི་འོག་ནས་འཚར་ལོངས་བྱུང་བའི་ནུས་སྟོབས་རླབས་ཆེན་ཞིག་ཡིན་ཞིང་། དུས་རབས་ཉེར་གཅིག་པ་འདིའི་ནང་གི་རྒྱལ་དོན་ཐད་དོན་ངོ་མའི་མདུན་སྐྱོད་ཅིག་ཆགས་ཀྱི་ཡོད། དེ་ལྟར་བྱང་ཀོ་རི་ཡས་ར་སྤྲོད་བྱས་པའི་གནས་ལུགས་དེའི་འོག་རྒྱལ་སྤྱིའི་རྒྱལ་ཁབ་དུ་མ་ཞིག་གིས་རྒྱལ་སྤྱིའི་ནང་དོན་ངོ་མའི་མདུན་སྐྱོད་ཇི་ལྟར་བྱ་དགོས་མིན་གྱི་གསང་གྲངས་རྙེད་ཡོད་པ་ནི་དངོས་ཡོད་རེད། མཐར་བྱང་ཀོ་རི་ཡའི་ལོ་ལྔའི་འཆར་གཞི་ཆེན་པོ་དེའི་ཁྲོད་བསྐྱར་དུ་འགོག་ཐབས་མེད་པའི་མདུན་སྐྱོད་རླབས་ཆེན་ཞིག་བྱེད་ངེས་པ་ནི་ཟུར་བལྟས་ལེབ་མཐོང་རེད་འདུག

-ཟུར་མཆན། སྒེར་བདག་སྲུང་སྐར་ཡོད་པའི་རྒྱལ་ཁབ་12དག་ནི། ཨུ་རུ་སུ། ཨ་རི། ཧྥ་རན་སི། ཉི་ཧོང་། རྒྱ་ནག དབྱིན་ཡུལ། རྒྱ་གར། ཡུ་ཀེ་རན། ཨ་ཛི་རལ། ཨི་རན། བྱང་ཀོ་རི་ཡ། ཡོ་རོབ་མཐུན་ཚོགས་བཅས་ཆགས་ཀྱི་ཡོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།