བྱང་ཀོ་རི་ཡའི་གྲོས་མོལ་གྱི་ཀུན་སློང་དངོས་གང་ཡིན་ནམ། དབྱེ་ཞིབ་རགས་བསྡུས།

0
1173

བྱང་ཀོ་རི་ཡ། ཧྥོང་ཡན། སྤྱི་ལོ་2018ཟླ་3ཚེས་7ཉིན། ད་ལྟ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་རུ་ཀྲར་(Reuters)གསར་ཁང་ལ་སོགས་པས་གནས་ཚུལ་སྤེལ་བཞིན་པ་ནི། ཁ་སང་རེས་གཟའ་མིག་དམར་ཉིན་ལྷོ་ཀོ་རི་ཡའི་གཞུང་གིས་གསལ་བསྒྲགས་སྤེལ་དོན་ལྟར། བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡའི་གྲོས་མོལ་སྐུ་ཚབ་བརྒྱུད་ཨ་རིར་བརྡ་ལན་བསྐུར་དོན།“ང་ཚོས་རྡུལ་མཚོན་གཙང་སེལ་བྱ་རྒྱུའི་འདུན་པ་ཡོད། གལ་སྲིད་ང་ཚོའི་རྒྱལ་ཁབ་ལ་ཕྱི་ནས་གནོད་འཚེ་མི་ཡོང་བའི་འགན་ལེན་ཐུབ་ཚེ། ང་ཚོས་རྡུལ་མཚོན་ལས་གྲྭ་འཛུགས་དགོས་དོན་མི་འདུག”ཅེས་བརྗོད་ཡོད་པར་གསལ། དེ་བཞིན་བྱང་ཀོ་རི་ཡའི་གཞུང་ཕྱོགས་ཀྱི་སྐད་ཆ་དེར་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་བསྟོད་བསྔགས་བཏང་སྟེ་བརྗོད་དོན།“བྱང་ཀོ་རི་ཡ་ནི་དྲང་པོ་འདུག”ཅེས་བརྗོད་འདུག

འོན་ཀྱང་། ཉི་ཧོང་གཙོས་རྒྱལ་སྤྱིའི་དཔྱད་ཞིབ་པ་དུ་མ་ཞིག་གིས་བྱང་ཀོ་རི་ཡའི་གློ་བུར་བའི་བློས་གཏོང་དེར་དོགས་པ་བྱེད་བཞིན་འདུག་ཅིང་།  ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་(Moon Jae-in)གྱིས་ཀྱང་དེ་རིང་ཞོགས་པ་གསར་འགོད་པ་བརྒྱུད་འགྲེལ་བརྗོད་བྱས་དོན།“ང་ཚོས་བྱང་ཀོ་རི་ཡ་དང་གྲོས་མོལ་བྱ་རྒྱུ་ཁོ་ནའི་དོན་དུ་རྒྱལ་སྤྱིའི་ཉེས་ཆད་རྣམས་ཕྱིར་འཐེན་བྱ་གི་མ་རེད།”ཅེས་བརྗོད་འདུག དེའི་ལན་དུ་རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡའི་ཐད་ལ་འགྲེལ་བརྗོད་བྱས་དོན།“རྡུལ་མཚོན་རྒྱལ་ཁབ་བྱང་ཀོ་རི་ཡར་མཚོན་ན་ཉེས་ཆད་ཅིག་གི་ཞེད་སྣང་འོག་མགོ་སྒུར་མཁན་དེ་འདྲ་མ་རེད། དོན་དངོས་ཐོག་ཁོང་ཚོས་གྲོས་མོལ་དེ་ཉིད་ཐབས་ལམ་གཅིག་པུར་མངོན་པ་རེད།”ཅེས་བརྗོད་འདུག

ཉི་ཧོང་གི་བདེ་སྲུང་བློན་ཆེན་ཨི་ཙུ་ནོ་རི་-ཨོ་ནོ་རྡི་ར།#Japanese Defense Minister Itsunori Onodera.

ཕྱོགས་གཞན་ནས་དེ་རིང་སྔ་དྲོ་ཉི་ཧོང་གི་བདེ་སྲུང་བློན་ཆེན་ཨོ་ནོ་རྡི་ར་(Itsunori Onodera)ཡིས་གསར་འགོད་པར་གནས་ཚུལ་དེའི་ཐད་ནན་བརྗོད་བྱས་དོན།“བྱང་ཀོ་རི་ཡའི་ཀུན་སློང་ངོ་མ་དེ་ཉིད་གསལ་པོ་མི་འདུག དེའི་ཕྱིར་སྐབས་དོན་གནས་ཚུལ་དེ་ཉིད་ལ་ངེས་པར་དུ་ཞིབ་འཇུག་ནན་ཏན་བྱ་དགོས་ཀྱི་རེད། ང་ཚོ་ནི་སྔར་བཞིན་ཨ་རི་དང་ལྷོ་ཀོ་རི་ཡ་ལྷན་དུ་བྱང་ཀོ་རི་ཡའི་ཐོག་གནོན་ཤུགས་སྤྲོད་གང་ཐུབ་ཀྱིས་རྡུལ་མཚོན་གཙང་སེལ་བྱ་རྒྱུར་སྒུག་ནས་བསྡད་ཡོད། གལ་སྲིད་བྱང་ཀོ་རི་ཡའི་ངོས་ནས་གྲོས་མོལ་དེ་ཉིད་དོན་སྙིང་ལྡན་པ་ཞིག་འབྱུང་འདོད་ན། ད་ལན་བཤད་པ་བཞིན་རྡུལ་མཚོན་གཙང་སེལ་བྱ་རྒྱུའི་ཕྱོགས་ལ་གོམ་པ་བརྟན་པོ་ཞིག་སྤོ་དགོས་ངེས་རེད།”ཅེས་བརྗོད་འདུག

འདི་ག་བོད་ཀྱི་དེ་ཕོ་གསར་ཁང་ནས་གནས་ཚུལ་དེའི་འཕེལ་རིམ་ལ་དབྱེ་ཞིབ་བྱས་པ་བརྒྱུད་དམིགས་བསལ་མཐོང་ཐོས་བྱུང་གསལ་ལྟར་ན། ཨ་རིའི་CNBCགསར་ཁང་གི་ཆབ་སྲིད་ཚན་པའི་གླེང་སློང་ནང་གནས་ཚུལ་སྤེལ་དོན།“གལ་སྲིད་བྱང་ཀོ་རི་ཡས་རྡུལ་མཚོན་གཙང་བཟོ་བྱ་རྒྱུའི་འདུན་པ་ཡོད་ཅེས་བརྗོད་པ་ལྟར་ཁ་བཤད་དོན་འཁྱོལ་འབྱུང་ཐུབ་ན། ལོ་ངོ་བཅུ་ཕྲག་འགའི་ཀོ་རི་ཡའི་མཚོ་ཁུལ་གྱི་དམག་འཁྲུག་ཉེན་ཚབས་ལས་ཡོངས་སུ་གྲོལ་བའི་གཏམ་བཟང་དུ་འགྱུར་རྒྱུ་རེད། འོན་ཀྱང་། རྡོ་ལྟར་མཁྲེགས་པའི་བྱང་ཀོ་རི་ཡ་གློ་བུར་དུ་ཤིང་ལྟར་གྱུར་དོན་ཅི་ཡིན་ཐད་དོགས་ཟོན་བྱེད་དགོས་ངེས་རེད། ང་ཚོས་བལྟས་ན་བྱང་ཀོ་རི་ཡས་བསྐྱར་དུ་རྒྱལ་སྤྱིའི་ཉེས་ཆད་མ་འཁྱོག་པར་ཆག་ཡང་དགོས་པའི་ལྐོག་གཡོ་བཤམ་རྩིས་བྱེད་བཞིན་ཡོད་ངེས། ང་ཚོས་འདས་པའི་ལོ་རྒྱུས་ལ་བལྟས་ཀྱང་གནས་ཚུལ་དེ་ཉིད་གསར་པ་ཞིག་མ་རེད། ཀིམ་ཇུང་ཨུན་གྱི་ཕས་སྲིད་དབང་བཟུང་སྐབས་སྤྱི་ལོ་2003ནས་2009བར་གྲོས་མོལ་ཐེངས་དྲུག་བྱས་ཡོད་པ་དང་། གྲོས་མོལ་དེ་དག་བྱ་རྒྱུའི་དོན་དུ་བྱང་ཀོ་རི་ཡའི་ཐོག་ཏུ་ཡོད་པའི་རྒྱལ་སྤྱིའི་ཉེས་ཆད་ཕྱིར་འཐེན་བྱ་རྒྱུ་དང་། གྲོས་མོལ་དང་སྣུམ་བརྗེས་རེས། གྲོས་མོལ་དང་རྒྱལ་སྤྱིའི་རོགས་དངུལ་བརྗེས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད།”ཅེས་གསལ་བརྗོད་བྱས་འདུག

ཨ་རིའི་སྲིད་འཛིན་ཟུར་པ་བྷིལ་ཁི་ལིན་ཊོན་དང་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཟུར་པ་ཀིམ་ཇུང་ཨིལ་ལྷན་དུ། བྱང་ཀོ་རིའི་རྒྱལ་ས་ཧྥོང་ཡན་དུ་སྤྱི་ལོ་2009ཟླ་8ཚེས་4ཉིན།#Former U.S. President Bill Clinton meets with North Korean leader Kim Jong Il, seated right, in Pyonggyang, North Korea, on Tuesday, Aug. 4, 2009

ང་ཚོས་ད་དུང་འདས་པའི་ལོ་རྒྱུས་ལ་བསྐྱར་ཞིབ་བྱས་ཚེ་སྤྱི་ལོ་1994ལོར་ཨ་རིའི་སྲིད་འཛིན་བྷིལ་ཁི་ལིན་ཊོན་(Bill Clinton)གྱིས་བྱང་ཀོ་རི་ཡའི་བདེ་འཇགས་འགན་ལེན་ཡོངས་སུ་བྱས་ཤིང་། ད་ལྟའི་གྲོས་མོལ་གྱི་དགོས་འདུན་ལྟར་བྱང་ཀོ་རི་ཡས་རྡུལ་མཚོན་ལས་གྲྭ་ཕྱིར་བསྡུ་དང་ལས་མཚམས་འཇོག་དགོས་པའི་དགོས་འདུན་བཏོན་ཡོད། འོན་ཀྱང་། མཐར་ཕྱོགས་གཉིས་ཀའི་བར་གྱི་གྲོས་མོལ་དང་ཁས་ལེན་རྣམས་ཡིད་རྟོན་འཕེལ་རུང་བ་ཞིག་རྩ་བ་ནས་མ་བྱུང་བ་དང་། དཔེར་ན་སྐབས་དེར་ཨ་རིའི་སྲིད་འཛིན་བྷིལ་ཁི་ལིན་ཊོན་གྱིས་བྱང་ཀོ་རི་ཡར་སྣུམ་ཕོན་ཆེན་གཏོང་རྒྱུ་དང་། ཆུ་ཤུགས་རྡུལ་ཕྲན་གློག་ཁང་འཛུགས་སྐྲུན་བྱ་རྒྱུ་སོགས་ཁས་ལེན་བྱས་ཀྱང་མཐར་ལས་དོན་དེ་དག་ཕལ་ཆེར་ཆ་ཚང་བ་དང་ཁུངས་འཁྱོལ་བ་ཞིག་བྱུང་མེད་སྐོར་གསལ་བཞིན་འདུག

དེ་དོན་བྱང་ཀོ་རི་ཡའི་ཕྱོགས་ནས་ཀྱང་ཨ་རིའི་ལས་སྟངས་ལ་བལྟས་ཏེ། རྔ་ལ་དཔག་པའི་འཆམ་ཞེས་པ་ལྟར་རྡུལ་མཚོན་བཟོ་སྐྲུན་གྱི་ལས་གཞི་ཡང་ཕྱེད་ཙམ་བཀག་སྡོམ་བྱས་པ་དང་ཕྱེད་ཙམ་རྒྱུན་འཁྱོངས་བྱས་ཏེ་གནས་འདུག མཐར་ཨ་རིའི་སྲིད་འཛིན་འཕོ་འགྱུར་ཕྱིན་རྗེས་བྷུ་ཤིའི་(George W Bush)སྐབས་སུ་ཁི་ལིན་ཊོན་གྱི་དམ་བཅའ་རྣམས་ལ་བརྩི་སྲུང་མ་བྱས་པར་བརྟེན། བྱང་ཀོ་རི་ཡའི་ངོས་ནས་ཀྱང་རྡུལ་མཚོན་ལས་གཞི་ཁྱོན་ཡོངས་ནས་བསྐྱར་དུ་འགོ་བཙུགས་ཡོད་འདུག

ཀིམ་ཇུང་ཨུན་གྱི་ཕའམ་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཟུར་པ་ཀིམ་ཇུང་ཨིལ་དང་། སྐབས་དེའི་ཨ་རིའི་རྒྱལ་སྲིད་དྲུང་ཆེ་ལྕམ་སྐུ་མེ་ཌེ་ལེན་ཕན་ཚུན་ཨ་རག་གིས་རྟེན་འབྲེལ་ཞུ་བཞིན་པ།#Former North Korean Leader Kim Jong Il toasts former U.S. Secretary of State Madeleine Albright at a 2000 dinner in Pyongyang.

མཐར་ད་ལན་ཀིམ་ཇུང་ཨུན་གྱིས་གྲོས་མོལ་ཡོང་བ་བྱ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་ཅི་ཞིག་འདོན་སྲིད་པ་རེད་དམ། སྔར་ཕའི་སྐབས་ལྟར་རོགས་དངུལ་དོ་དམ་ཕྱིར་འཐེན་དང་། རྒྱལ་སྤྱིའི་ཉེས་ཆད་ཕྱིར་བསྡུ། སྣུམ་འཚོང་འགོག་མཚམས་འཇོག་རྒྱུ་སོགས་ཀྱི་སྐོར་ཁོ་ན་ཡིན་སྲིད་དམ། མདོར་ན་གནས་ཚུལ་དེ་དག་ནི་དྲི་གཞི་ཆེན་པོ་ཤ་སྟག་ཆགས་ཡོད། གལ་སྲིད་ད་ལན་བྱང་ཀོ་རི་ཡས་ཨ་རིར།“ཁྱེད་ཚོས་ཁ་ནས་བཤད་པ་ཙམ་མིན་པར་ང་ཚོའི་ཐོག་ཏུ་གནོད་འཚེ་དང་ཉེན་ཚབས་མེད་པའི་འགན་ལེན་བྱ་ཆེད། ལྷོ་ཀོ་རི་ཡའི་ནང་ནས་ཨ་རིའི་དམག་མི་ཡོངས་རྫོགས་ཕྱིར་འཐེན་བྱ་དགོས།“ཞེས་བརྗོད་ཚེ་ཨ་རིས་ཅི་ཞིག་བྱེད་སྲིད་དམ། ཡང་ན་ཅི་ཞིག་བརྗོད་སྲིད་དམ།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།