བྱང་ཀོ་རི་ཡ་གློ་བུར་དུ་ཁུ་སིམ་མེར་གྱུར་འདུག ཚ་གླེང་།

0
1600
རེས་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་གྱིས་ཀིམ་ཇུང་ཨུན་དང་ཐུག་འཕྲད་ཁས་ལེན་བྱས་ཟིན་པ་དང་། ད་ལྟ་ཕྱོགས་གཉིས་ཀྱི་ཐུག་འཕྲད་ས་གནས་སོགས་ཀྱི་ཐད་གྲོས་བསྡུར་བྱ་ཆེད་འབྲེལ་ཡོད་ལས་བྱེད་པས་བྱང་ཀོ་རི་ཡར་འབྲེལ་བ་བྱས་ཀྱང་ཡ་ལན་ཅི་ཡང་བྱེད་བཞིན་མེད་པའི་གནས་ཚུལ་བརྗོད། #'No response' yet from North Korea on talks with the US.

ལྷོ་ཀོ་རི་ཡ། སི་ཝོལ། སྤྱི་ལོ་2018ཟླ་3ཚེས་12ཉིན། ད་ལྟ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་བྷི་བྷི་སི་གསར་ཁང་(BBC)དང་རུ་ཀྲར་གསར་ཁང་(Reuters)ལ་སོགས་པས་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། བདུན་སྔོན་མའི་གཟའ་མཇུག་ཏུ་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་དང་ཐུག་འཕྲད་བྱ་རྒྱུའི་མགྲོན་ཤོག་ཁས་ལེན་བྱས་པའི་གནས་ཚུལ་ཡོངས་ཁྱབ་ཕྱིན་ཡོད། ད་དུང་། ཕོ་བྲང་དཀར་པོའི་གཞུང་འབྲེལ་གསར་འགོད་འགན་འཛིན་གྱིས་ཀྱང་གནས་ཚུལ་དེའི་ཐད་གསལ་བསྒྲགས་སྤེལ་ཟིན། འོན་ཀྱང་། ད་ལྟ་ལྷོ་བྱང་ཀོ་རི་ཡ་ཆིག་སྒྲིལ་མཐུན་ཚོགས་ཀྱི་ངོས་ནས་འགྲེལ་བརྗོད་བྱས་དོན་ལྟར་ན། བྱང་ཀོ་རི་ཡའི་ཕྱོགས་ནས་ཨ་རིའི་སྲིད་འཛིན་གྱི་ཐུག་འཕྲད་ཁས་ལེན་དེར་ཡིན་དང་མིན་གྱི་ལན་འདེབས་ཅི་ཡང་བྱས་མེད་པའི་གནས་ཚུལ་ཐོན་བཞིན་འདུག

དེ་རིང་གི་གནས་ཚུལ་དེས་འབྲེལ་ཡོད་གནད་དོན་ལ་དོ་སྣང་བྱེད་བཞིན་པའི་མི་རྣམས་འཐོམ་དུ་བཅུག་ཅིང་། བསྐྱར་དུ་བྱང་ཀོ་རི་ཡས་བསམ་བློ་ཅི་ཞིག་གཏོང་གི་ཡོད་དམ་ཞེས་པའི་དྲི་གཞི་ཆེན་པོ་ཞིག་གསར་ལམ་ཁག་ན་ཁྱབ་བཞིན་འདུག དེ་བཞིན་ད་ལྟའི་ཆར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་གྱི་ཆེས་མཐོའི་བདེ་སྲུང་སློབ་སྟོན་པ་རྒྱ་ནག་དང་ཉི་ཧོང་ལ་གནས་ཚུལ་དེའི་ཐད་གྲོས་བསྡུར་བྱ་ཆེད་བསྐྱོད་འཆར་ཡོད་པ་རེད་འདུག

བདུན་སྔོན་མའི་གཟའ་མཇུག་ཏུ་ལྷོ་ཀོ་རི་ཡའི་བདེ་སྲུང་འགན་འཛིན་གྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་སྐབས་དོན་འབྲེལ་ཡོད་གནས་ཚུལ་ཐད་ཨ་བྱང་གཉིས་ཀྱི་དབུ་ཁྲིད་ལ་བསྟོད་བསྔགས་དང་འབྲེལ་གྲོས་མོལ་ལམ་ལྷོངས་ཡོང་བའི་རེ་འདུན་གྱི་གཏམ་བཤད་སྤེལ་ཡོད། ད་ལན་གྱི་གོ་སྐབས་དེ་ཉིད་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་ལྟ་གྲུབ་འོག་ཀོ་རི་ཡ་ཆིག་སྒྲིལ་ཡོང་རེ་བྱེད་བཞིན་ཡོད་པ་རེད།#South Korean national security director Chung Eui-yong, center, speaks to reporters at the White House in Washington, Thursday, March 8, 2018.

ཕྱོགས་གཞན་ནས་བྷི་བྷི་སི་གསར་ཁང་གིས་འགྲེལ་བརྗོད་བྱས་དོན་ལྟར་ན། བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་ལྷོ་ཀོ་རི་ཡའི་སྐུ་ཚབ་ལ་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་དང་ཐུག་འཕྲད་བྱ་འདོད་ཡོད་སྐོར་བརྗོད་ཡོད་པ་སོགས་ཀྱི་ཐད་གནས་ཚུལ་ཅི་ཡང་སྤེལ་མེད་སྐོར་བརྗོད་བཞིན་འདུག དེ་བཞིན་དབྱེ་ཞིབ་པ་ཚོས་ཨ་བྱང་གཉིས་ཀྱི་དབུ་ཁྲིད་ཐུག་འཕྲད་དང་ཨ་བྱང་གྲོས་མོལ་འདུམ་འགྲིག་གི་གནས་ཚུལ་དེའི་ཐད་དོགས་ཟོན་བྱེད་བཞིན་ཡོད་སྐོར་གླེང་ཞིང་། ཉེ་སྔོན་ཀིམ་ཇུང་ཨུན་གྱིས་ལྷོ་ཀོ་རི་ཡ་བརྒྱུད་རྡུལ་མཚོན་ལས་གྲྭ་མཚམས་འཇོག་དང་གཙང་སེལ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དེ་ཡང་། དོན་ངོ་མར་སུ་དང་སུའི་རྒྱབ་ལྗོངས་གནས་ཚུལ་ཇི་ཡིན་ཁ་གསལ་ཡོང་རེ་བྱེད་པ་ནི་རྙོག་འཛིང་ཅན་གྱི་དྲི་གཞི་གཞན་ཞིག་རེད།

དོན་དངོས་ཐོག་ཉེ་ཆར་བྱང་ཀོ་རི་ཡའི་མགྲོན་ཤོག་དང་ལྷོ་བྱང་ཀོ་རི་ཡ་ཆིག་སྒྲིལ་མཐུན་ཚོགས་ཀྱི་འདོད་འདུན་འོག་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་ཀིམ་ཇུང་ཨུན་དང་ཐུག་འཕྲད་ཁས་ལེན་འཛམ་གླིང་ལ་བསྒྲགས་རྗེས། འདས་པའི་ཉིན་གཉིས་ཙམ་རིང་ལྷོ་ཀོ་རི་ཡའི་ཕྱོགས་ནས་བྱང་ཀོ་རི་ཡའི་གཞུང་ལ་ཨ་བྱང་གཉིས་ཀྱི་ཐུག་འཕྲད་ས་གནས་དང་། དུས་ཚོད་སོགས་ཀྱི་ཐད་འཆར་གཞི་ཇི་ལྟར་འདིང་དགོས་མིན་གྲོས་བསྡུར་བྱ་ཆེད་འབྲེལ་མཐུད་དུ་མ་ཞིག་བྱས་འདུག་མོད། ད་སྐབས་བྱང་ཀོ་རི་ཡས་ཡ་ལན་ཅི་ཡང་བྱེད་བཞིན་མེད་པའི་གནས་ཚུལ་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།