བུ་མོ་500བཙོང་མཁན་གྱི་ཉེས་ཅན་པ་འཛིན་བཟུང་། རྒྱ་གར་གྱི་སྨད་འཚོང་ཁྲོམ་ར།

0
1996
བྷང་ལ་རྡེ་ཤིའི་རྒྱལ་ས་རྡ་གྷའི་ནང་གི་གཞང་ཁང་ཁོར་ཡུག ཡུལ་དེ་གའི་རིགས་དམན་པ་རྣམས་བཙན་གྱིས་སྨད་འཚོང་གི་ལས་ལ་དེད་ཀྱི་ཡོད་སྐོར་བརྗོད།#In Faridpur, a rural district near Dhaka, these outcast women were forced to live and work in a brothel.

རྒྱ་གར། མོམ་བྷེ། སྤྱི་ལོ་2018ཟླ་9ཚེས་8ཉིན། ད་ལྟ་ཆུ་ཚོད་འགའི་སྔོན་དུ་རྒྱ་གར་གྱི་དེ་རིང་གསར་ཁང་(India Today)གིས་གནས་ཚུལ་སྤེལ་གསལ། བྷང་ལ་རྡེ་ཤི་(Bangladesh/孟加拉国)ནས་རྒྱ་གར་གྱི་ཚོང་དོན་རྒྱལ་ས་མོམ་བྷེ་རུ་བུ་མོ་500ལྷག་ལྐོག་འཚོང་བྱ་མཁན་གྱི་ཉེས་ཅན་སྐྱེས་པ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག ཉེན་རྟོག་པས་བརྗོད་དོན་ལྟར་ན་བུ་མོ་དེ་དག་རྒྱ་གར་ནང་ཁྲིམས་འགལ་ངང་འབྱོར་མོད་ཁོང་ཚོ་ཕལ་མོ་ཆེར་རྒྱ་གར་གྱི་ངོ་སྤྲོད་ལག་ཁྱེར་ཨྰ་རྡར་སོགས་ཁྲིམས་མཐུན་ཡིག་ཆ་ཕལ་མོ་ཆེ་སྟོན་རྒྱུ་ཡོད་པར་བརྗོད་བཞིན་འདུག འཛིན་བཟུང་བྱུང་བའི་སྐྱེས་པ་དེའི་མིང་ལ་མོ་ཧྭ་མ་རྡི་ཤེག་(Mohammad Saidul Shaikh)དང་། ད་ལོ་རང་ལོ་38ཡིན་པ་རེད་འདུག

མུ་མཐུད་ཉེན་རྟོག་པས་བརྗོད་དོན་ལྟར་ན་སྐྱེས་པ་དེ་ཉིད་ཁྱོན་ཁྲིམས་འགལ་གྱི་གྱོད་གཞི་མི་འདྲ་བ་ཁག་བདུན་ལྷག་ནང་ཚུད་ཡོད་པར་བརྗོད་ཅིང་། ཁོ་པས་མི་གཞན་བརྒྱུད་བུ་མོ་གཅིག་རེ་འཚོང་སྐབས་བར་ཁེ་ཧིན་སྒོར་4000-5000བར་འཐོབ་ཀྱི་ཡོད་སྐོར་གསལ། དེ་བཞིན་བྷང་ལ་རྡེ་ཤི་ནས་བུ་མོ་དེ་དག་དངོས་སུ་རྒྱ་གར་ལ་ལྐོག་འཚོང་དབོར་འདྲེན་བྱེད་སྐབས་བུ་མོ་གཅིག་རེར་ཉུང་མཐར་ཧིན་སྒོར་100,000གཅིག་རེ་རག་གི་ཡོད་པའི་གནས་ཚུལ་བརྗོད། ཉེས་ཅན་པ་དེས་བུ་མོ་དེ་དག་ལ་མགོ་སྐོར་བསླུ་བྲིད་བྱས་ཏེ་རྒྱ་གར་ནང་ལས་ཀ་སྤྲོད་རྒྱུ་སོགས་ཀྱི་ཁས་ལེན་བྱས་ཏེ་མཐར་གཞང་ཁང་དང་། གཞི་རྒྱ་ཆེ་བའི་སྨད་འཚོང་ཁྲོམ་རར་འཚོང་སྒྱུར་བྱེད་བཞིན་ཡོད་པ་རེད་འདུག ཉེན་རྟོག་པས་རྒྱུས་ལོན་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་གནས་ཚུལ་ཞིག་ནི་བུ་མོ་དེ་དག་ན་ཚོད་མ་སྨིན་ཞིང་ཁྱིམ་ཚང་དབུལ་ཕོངས་ཤ་སྟག་ནས་ཡིན་སྐོར་བརྗོད།

རྒྱ་གར་གྱི་ཚོང་དོན་རྒྱལ་ས་མོམ་བྷེ་ནང་ཡོད་རྒྱ་གར་གྱི་སྨད་འཚོང་ཁྲོམ་ར་ཆེ་ཤོས་ཀྱི་རྒྱབ་ལྗོངས་གནས་སྟངས་ཟུར་ཞིག#India’s second largest prostitution hub or say red light Street is located in Kamathipura.

དེ་ཡང་ཉིན་ཤས་སྔོན་ཉེན་རྟོག་པས་སྨད་འཚོང་ཁྲོམ་ར་ནས་རང་ལོ་18ཙམ་ལའང་མ་སོན་པའི་བུ་མོ་བཞི་མྱུར་སྐྱོབ་བྱས་འདུག་པ་དང་། མཐར་གྱོད་གཞི་རྩད་གཅོད་བྱ་སྐབས་མིང་ལ་མོ་ཧྭ་མ་རྡི་ཤེག་ཅེས་པའི་སྐྱེས་པ་ཞིག་གིས་ཁོང་ཚོ་རྒྱ་གར་ནང་བཙོང་པའི་གནས་ཚུལ་ར་འཕྲོད་བྱུང་འདུག ཉེན་རྟོག་པས་སྐྱེས་པ་དེ་ཉིད་འཛིན་བཟུང་བྱས་ཏེ་ར་འཕྲོད་བྱུང་བ་ནི། སྐྱེས་པ་ཉེས་ཅན་དེ་ནི་བྷང་ལ་རྡེ་ཤི་ནས་ཡིན་པ་དང་སྤྱི་ལོ་2010ནས་ད་བར་རྒྱ་གར་ནང་གནས་སྡོད་བྱ་མུས་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

མུ་མཐུད་ཉེན་རྟོག་པས་འགྲེལ་བརྗོད་བྱ་རྒྱུར། ཁོ་པའི་གཤམ་གྱི་ལས་མི་འགས་བྷང་ལ་རྡེ་ཤིའི་ནང་དུ་བུ་མོ་ལོ་ཆུང་དེ་དག་དང་དགའ་རོགས་རྫུན་སྒྲིག་བྱས་ཏེ་མཐར་རྒྱལ་སྤྱིའི་ས་མཚམས་བར་བསླུ་བྲིད་འོག་བསྐྱལ་གྱི་ཡོད་པ་དང་། ས་མཚམས་ནས་རྒྱ་གར་གཙོས་རྒྱལ་ཁབ་འདྲ་མིན་ལ་འཚོང་སྒྱུར་བྱེད་བཞིན་ཡོད་སྐོར་བརྗོད། ད་དུང་། སྐྱེས་པ་དེ་ཉིད་ཀྱིས་ས་མཚམས་བརྒྱུད་ཁྲིམས་འགལ་དངུལ་ལོར་བརྗེས་སྒྱུར་དང་དབོར་འདྲེན་ཡང་བྱེད་བཞིན་ཡོད་པ་ར་འཕྲོད་བྱུང་འདུག ད་སྐབས་གྱོད་གཞི་དེ་དང་འབྲེལ་ཡོད་སྐྱེས་པ་དེ་ཉིད་གཙོས་ཁྱོན་མི་བདུན་འཛིན་བཟུང་བྱས་ཟིན་འདུག་པ་དང་། མོ་ཧྭ་མ་རྡི་ཤེག་གྲོ་ཁྱེར་ས་གནས་ཁྲིམས་ཁང་བཤམས་ཟིན་པ་དང་ད་ལྟའི་ཆར་གྱོད་ཞིབ་ཆེད་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་པའི་གནས་ཚུལ་བརྗོད།

ཉེས་ཅན་པ་དེ་དག་གིས་བྷང་ལ་རྡེ་ཤིའི་ནང་དུ་བུ་མོ་ལོ་ཆུང་དེ་དག་དང་དགའ་རོགས་རྫུན་སྒྲིག་བྱས་ཏེ་མཐར་རྒྱལ་སྤྱིའི་ས་མཚམས་བར་བསླུ་བྲིད་འོག་བསྐྱལ་གྱི་ཡོད།#According to police, some of his agents in Bangladesh would even entice minor girls into some sort of love affair and then bring them across the international border.

འདི་ག་བོད་ཀྱི་དེ་ཕོ་གསར་ཁང་གིས་རྒྱལ་ཁབ་གཉིས་ཀྱི་བར་དུ་ཁྲིམས་འགལ་བུད་མེད་བསླུ་བྲིད་འཚོང་སྒྱུར་གྱི་གནས་ཚུལ་དེར་ཞིབ་ཕྲའི་ལྟ་ཞིབ་བྱས་པ་བརྒྱུད། ལོ་ལྟར་བྷང་ལ་རྡེ་ཤི་ནས་རྒྱ་གར་ལ་རང་ལོ་12-30བར་ཡིན་པའི་བུ་མོ་ཁྱོན་50,000ལྷག་འཚོང་བཞིན་ཡོད་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་ནང་ཁྱོན་བྷང་ལ་རྡེ་ཤིའི་བུ་མོ་500,000ལྷག་རྒྱ་གར་གྱི་སྨད་འཚོང་ཁྲོམ་རར་བཙོང་ཟིན་པའི་སྙན་ཐོ་གསལ། མ་ཟད། ཁེ་མེད་བདེ་རྩ་ཚོགས་པ་དང་རྒྱ་གར་ས་མཚམས་སྲུང་དམག་ཞིབ་འཇུག་སྙན་ཐོར་བལྟས་ན། བྷང་ལ་རྡེ་ཤི་ནས་རྒྱ་གར་ལ་བུ་མོ་འཚོང་སྒྱུར་གྱི་ལས་གཞི་དེ་བཞིན་ད་སྐབས་དངོས་ཟོག་འཚོང་སྒྱུར་བྱེད་པ་བཞིན། མངགས་ཉོའི་གྲངས་ཚད་ལ་དཔག་ནས་བུ་མོ་དབོར་འདྲེན་བྱེད་བཞིན་པའི་གནས་སྟངས་སུ་གྱུར་ཟིན་སྐོར་འགྲེལ་ཞིང་། རྒྱ་གར་གྱི་སྨད་འཚོང་ཁྲོམ་རའི་དགོས་འདུན་འོག་རྒྱ་གར་ནུབ་བྷེང་གྷལ་གྱི་རྒྱལ་ས་ཀལ་ཀྭ་ཏར་རྟེན་གཞི་བྱས་པའི་བྷང་ལ་རྡེ་ཤིའི་འབྲེལ་མཐུད་མི་སྣ་བརྒྱུད་བྷང་ལ་རྡེ་ཤིའི་བུ་མོ་ཐད་ཀར་མངགས་ཉོ་བྱ་རྒྱུ་ཡོད་པ་དང་། འབྲེལ་མཐུད་མི་སྣ་དེ་དག་ནི་བྷང་ལ་རྡེ་ཤི་དང་རྒྱ་གར་གཉིས་ཀའི་ས་མཚམས་སྲུང་དམག་དང་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་སྐོར་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།