བལ་ཡུལ་དུ་གནམ་གྲུ་བརྡབ་སྐྱོན། གནས་ཚུལ་རྒྱས་པ། ཐད་སྤེལ།

0
1995
གནམ་གྲུ་བརྡབ་སྐྱོན་ཁྲོད་འདས་གྲོངས་སུ་གྱུར་བའི་ནང་མིས་སྨན་ཁང་དུ་ངུ་འབོད་བྱེད་བཞིན་པ།#Family members of plane crash victims mourn at a hospital in Kathmandu. Narendra Shrestha / EPA

བལ་ཡུལ། ཀ་ཐ་མན་གྲུ། སྤྱི་ལོ་2018ཟླ་3ཚེས་12ཉིན། ད་ལྟ་སྐར་མ་25སྔོན་དུ་ཨ་རིའི་སི་ཨེན་ཨེན་(CNN)རྒྱལ་སྤྱིའི་གསར་ཁང་ལ་སོགས་པས་གནས་ཚུལ་སྤེལ་གསལ། དེ་རིང་རེས་གཟའ་ཟླ་བའི་ཉིན་རྒྱབ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུའི་རྒྱལ་སྤྱིའི་གནམ་ཐང་(Tribhuvan International Airport)གི་ཉེ་འཁྲིས་སུ། བྷང་ལ་རྡེ་ཤིའི་(Bangladesh/孟加拉國)སྒེར་ཚོང་འགྲུལ་སྐྱེལ་གནམ་གྲུ་འབྲིང་གྲས་(US-Bangla BS-211)ཨང་རྟགས་ཅན་དེ་བཞིན་འབབ་ཐང་གི་ཁ་ཕྱོགས་ནོར་ནས་བབས་ཐབས་བྱས་རྗེས་ཛ་དྲག་གི་བརྡབ་སྐྱོན་ཚབས་ཆེན་དེ་ཉིད་བྱུང་ཡོད་པའི་གནས་ཚུལ་བརྗོད།

བལ་ཡུལ་རྒྱལ་སྤྱིའི་གནམ་ཐང་གི་འབྲེལ་ཡོད་མཐོ་རིམ་ལས་བྱེད་སྐུ་ཞབས་ཆེ་ཏཱི་རི་(Chhetri)ལགས་ཀྱིས་བརྗོད་དོན།“གནམ་གྲུ་དེ་ཉིད་ལ་འབབ་ཐང་གི་ལྷོ་ཁུལ་ནས་འབབ་རྒྱུའི་ཆོག་མཆན་སྤྲད་ཡོད་པ་རེད། འོན་ཀྱང་། BS-211ཨང་རྟགས་ཅན་དེས་ལྷོ་ཁུལ་ནས་འབབ་རྒྱུའི་ཚབ་ལ་བྱང་ཕྱོགས་ནས་བབས་ཐབས་བྱས་སོང་། གནས་ཚུལ་དེའི་རྒྱུ་མཚན་ཇི་ཡིན་ང་ཚོས་ཅི་ཡང་ཤེས་མ་སོང་།”ཞེས་བརྗོད་འདུག

ཚེ་སྲོག་ཐར་བའི་སྐྱེས་པ་བྷོ་ཧ་ར་ཀ་ཐ་མན་གྲུའི་ནོར་ཝིག་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པ།#Bashanta Bohara, a survivor of the crash, is treated at the Norvic Hospital in Kathmandu. Narendra Shrestha / EPA

སྤྱིར་གནམ་གྲུ་དེ་ཉིད་ལ་དོན་རྐྱེན་ཇི་བྱུང་གི་གནས་ཚུལ་ཉར་ཚགས་སྒམ་ནག་(black box)གཉིས་ཡོད་པ་དང་། བལ་ཡུལ་གཞུང་ཕྱོགས་ནས་བརྗོད་དོན་ལྟར་ན་སྒམ་ནག་གཉིས་ཀ་འབྲེལ་ཡོད་ལས་བྱེད་པར་རྙེད་སོན་བྱུང་འདུག་ཅིང་། ཆེད་ལས་ཞིབ་འཇུག་པས་བརྟག་དཔྱད་རིམ་པས་བྱས་རྗེས་གནས་ཚུལ་ཇི་ཡིན་གསལ་པོ་ཤེས་ངེས་ཡིན་སྐོར་བརྗོད་འདུག ཨ་རིའི་NBCགསར་ཁང་གིས་གནས་ཚུལ་སྤེལ་དོན།“འབྲེལ་ཡོད་གནམ་ཐང་གི་མཐོ་རིམ་ལས་བྱེད་པས་འགྲེལ་བརྗོད་བྱས་དོན་བཞིན། ཁ་ལོ་བས་གནམ་ཐང་གི་བཀའ་བཀོད་དོ་དམ་པའི་བཀར་མ་ཉན་པར་གནམ་གྲུ་ཁ་ཕྱོགས་ལོག་པ་ནས་བབས་འདུག་ཅིང་། གནམ་གྲུ་འབབ་ཁར་ཧ་ཅང་དམའ་དྲགས་ཏེ་ས་ཚོད་འཛིན་མ་ཐུབ་པར་བརྡབ་སྐྱོན་ཤོར་འདུག”ཅེས་བརྗོད།

དེ་བཞིན་གནམ་གྲུའི་ཁ་ལོ་བའི་གནད་དོན་ཐད་སྐུ་ཞབས་ཆེ་ཏཱི་རི་ལགས་ཀྱིས་མུ་མཐུད་བརྗོད་དོན།“གནམ་གྲུ་དེ་ཉིད་དང་ཐོག་འབབ་བཞིན་ཡོང་སྐབས་འབབ་ཐང་གི་ཐིག་ཚད་དང་ཏག་ཏག་ཡོང་གི་མི་འདུག གནམ་ཐང་གི་དོ་དམ་པས་ཁ་ལོ་བར་དཀའ་ངལ་འདུག་གམ་ཞེས་ཐེངས་མང་དྲིས་འདུག་མོད། ཁ་ལོ་བས་དཀའ་ངལ་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག ད་དུང་ཁ་ལོ་བའི་འཕྲོད་བསྟེན་སོགས་ཀྱི་ཐད་ནས་དྲིས་མོད། དཀའ་ངལ་མེད་པའི་ལན་འདེབས་བྱས་འདུག”ཅེས་བརྗོད། གནམ་གྲུ་ཨང་རྟགས་BS-211ཅན་དེ་ཉིད་དེ་རིང་བྷང་ལ་རྡེ་ཤིའི་རྒྱལ་ས་རྡ་ཁ་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུར་འཕུར་ནས་ཡོང་བ་རེད་འདུག

བརྡབ་སྐྱོན་ཤོར་བའི་གནམ་གྲུ་དེ་ཉིད་ཀྱི་ཁ་ལོ་བ་ཨ་བྷེ་ཏི་སུལ་ཏན། གསར་ལམ་ཁག་ནས་གསལ་དོན་ལྟར་ན་ཁོ་པའི་ཚེ་སྲོག་ཐར་ཡོད་པའི་གནས་ཚུལ་བརྗོད།#Abid Sultan, the pilot of the US-Bangla Airlines plane that crashed in Nepal, killing at least 50, has survived, the airliner says.

དེ་རིང་གནམ་གྲུ་བརྡབ་སྐྱོན་གྱི་གནས་ཚུལ་དེའི་འོག་ཁྱོན་མི་གྲངས་ཅི་ཙམ་འདས་གྲོངས་ཕྱིན་ཡོད་མིན་སོགས་ཀྱི་ཐད་ལ་བལ་ཡུལ་གཞུང་དམག་གི་མགྲིན་ཚབ་པ་སྐུ་ཞབས་བྷན་རྡ་རི་ལགས་(Gokul Bhandari)ཀྱིས་བརྗོད་དོན།“མི་གྲངས་50འདས་གྲོངས་སུ་གྱུར་ཟིན་པ་གསལ་པོ་ཆགས་འདུག དུས་མཚུངས་སྲོག་ཐར་བའི་འགྲུལ་པ་མི་གྲངས་16ད་ལྟ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།”ཅེས་བརྗོད་འདུག

དེ་བཞིན་US-Banglaའགྲུལ་སྐྱེལ་གནམ་གྲུའི་ཚོང་ཚོགས་ཀྱི་མགྲིན་ཚབ་པས་བརྗོད་དོན།“གནམ་གྲུའི་ནང་བྷང་ལ་རྡེ་ཤིའི་མི་གྲངས་32དང་། བལ་པོ་33 རྒྱ་མི་1 མཱལ་རྡེབ་ཀྱི་མི་1བཅས་ཡོད་པ་རེད།”ཅེས་བརྗོད་འདུག ད་ལྟའི་ཆར་མི་ཤིའི་གྲངས་ཚད་གསར་ལམ་འགའ་རེར་49དང་། ཁ་ཤས་ཀྱིས་50ཞེས་བརྗོད་བཞིན་འདུག ཕྱོགས་མཚུངས་བལ་གཞུང་གཞུང་ཕྱོགས་ནས་ཚེ་སྲོག་ཐར་བའི་མི་གྲངས་16རྣམས་ཀྱི་མིང་གཞུང་ཕྱིར་བསྒྲགས་བྱས་ཟིན་པའི་གནས་ཚུལ་བརྗོད།

ཁ་ལོ་བ་གཞོན་པ་བུ་མོ་པི་རི་ཐུ་ལ། ཁོ་མོ་གནམ་གྲུ་བརྡབ་སྐྱོན་བྱུང་མ་ཐག་འདས་གྲོངས་སུ་གྱུར་མེད་ཀྱང་སྨན་ཁང་དུ་བསྐྱལ་སྐབས་འདས་གྲོངས་ཕྱིན་པར་བརྗོད།#Prithula, According to her Facebook profile, she had been working at US-Bangla since July 2016.

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།