“ནོར་འཁྲུལ་མ་བཟོ་ན་ཡག དེ་མིན་ཁྱོན་ཡོངས་ནས་རྩ་གཏོར་གཏོང་གི་ཡིན།”

0
1700
གལ་སྲིད་བྱང་ཀོ་རི་ཡས་མུ་མཐུད་ནོར་འཁྲུལ་བཟོས་ནས་དམག་འཁྲུག་ཤོར་ཚེ་དོགས་པ་ཅི་ཡང་མེད་པར་བྱང་ཀོ་རི་ཡའི་སྲིད་གཞུང་ཡོངས་རྫོགས་རྩ་གཏོར གཏོང་གི་ཡིན་ཞེས་བརྗོད་འདུག#The United States has warned the North Korean leadership it would "utterly destroyed" if war were to break out.

ཨ་རི། ཝ་ཤིང་ཊོན། སྤྱི་ལོ་2017ཟླ་11ཚེས་30ཉིན། དེ་རིང་དབྱིན་ཡུལ་གྱི་མེ་ལོང་གསར་ཁང་(Mirror UK)དང་། ཨ་རིའི་ཧྥོག་སི་གསར་ཁང་(Fox News)སོགས་རྒྱལ་སྤྱིའི་གསར་ཁང་ཕལ་མོ་ཆེས་ཡང་སྐོར་བསྐྱར་སྐོར་གྱིས་གནས་ཚུལ་སྤེལ་བཞིན་པ་ནི། ཁ་སང་བྱང་ཀོ་རི་ཡའི་སྲིད་གཞུང་གིས་ཡུན་རིང་ངལ་བ་ལྷོད་མེད་ལ་བརྟེན་ནས་ལེགས་གྲུབ་བྱུང་བའི་མིག་དམར་བཅོ་ལྔ་པ་(Hwasong-15)སྟེ། ཨ་རི་རྒྱལ་ཡོངས་སུ་སྙོབ་ནུས་ལྡན་པའི་གོ་མཚོན་འཕུར་མདའ་གསར་ཤོས་དེ་ཉིད་ཚོད་ལྟ་བྱས་པ་བརྒྱུད། ཨ་རི་དང་ལྷོ་ཀོ་རི་ཡ། དེ་བཞིན་ཉི་ཧོང་བཅས་ཧ་ཅང་དངངས་འཚབ་བྱེད་དགོས་པའི་གནས་སུ་བསྐྱལ་བའི་གནས་ཚུལ་ཐོན་བཞིན་འདུག

དེ་ཡང་གོ་མཚོན་ཆེད་ལས་པ་དུ་མ་ཞིག་གིས་གསར་འགོད་པ་བརྒྱུད་འགྲེལ་བརྗོད་བྱས་དོན་དུ། ཨ་རི་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་དུ་མ་ཞིག་གིས་དེ་སྔོན་ཁེར་ལུས་རྒྱལ་ཁབ་བྱང་ཀོ་རི་ཡར་རྩིས་ནོར་ཧ་ཅང་ཤུགས་ཆེན་ཐེབས་ཡོད་ཚུལ་བརྗོད་བཞིན་འདུག་ཅིང་། ད་སྐབས་མིག་དམར་བཅོ་ལྔ་པས་ཨ་རིའི་རྒྱལ་ཡོངས་སུ་སྙོབ་ནུས་ལྡན་པ་མངོན་སུམ་དུ་གྱུར་ཟིན་སྐོར་བརྗོད། བྱང་ཀོ་རི་ཡས་ཀྱང་ཨ་རིའི་གནོན་ཤུགས་དང་ཚུར་རྒོལ་འབྱུང་ཚེ་འཕྲལ་མར་རྡུལ་མཚོན་དམག་འཁྲུག་གི་གཞི་རྐྱེན་སློང་རྒྱུར་ཐེ་ཚོམ་མེད་པར་གནས་ཡོད་པ་ཡང་དངོས་ཡོད་དུ་གྱུར་འདུག

མིག་དམར་བཅོ་ལྔ་པ་གཏོང་བཞིན་པའི་པར་རིས་དངོས།#Here’s the Hwasong 15 launching from its vehicle.

ཁ་སང་མིག་དམར་བཅོ་ལྔ་པའི་ཚོད་ལྟ་ལེགས་གྲུབ་བྱུང་བ་བརྒྱུད་ཨ་རི་དང་ལྷོ་ཀོ་རི་ཡ། དེ་བཞིན་ཉི་ཧོང་བཅས་ཀྱི་ཛ་དྲག་རེ་འདུན་འོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་སྲུང་བསྐོངས་ཏེ་ཨ་རིའི་འཐུས་མི་ལྕམ་སྐུ་ནེ་ཁི་ཧེ་ལི་(Nikki Haley)ཡིས་ནན་བརྗོད་བྱས་དོན།“ང་ཚོས་དུས་ནམ་ཡང་བྱང་ཀོ་རི་ཡ་དང་ལྷན་དུ་དམག་འཁྲུག་བསླང་རྩིས་མེད་ཅིང་། དེ་རིང་ཡང་ང་ཚོས་བྱང་ཀོ་རི་ཡར་དམག་འཁྲུག་རྒྱག་འདོད་མེད། འོན་ཀྱང་། ཁ་སང་མཐོང་བའི་ཁོང་ཁྲོ་སློང་བྱེད་ཀྱི་རྒྱུ་རྐྱེན་དེ་དག་མུ་མཐུད་འབྱུང་ནས་ཕྱོགས་གཉིས་ཀྱི་བར་དམག་འཁྲུག་ཤོར་ཚེ། བྱང་ཀོ་རི་ཡའི་སྲིད་གཞུང་སྐད་ཅིག་ཉིད་ལ་ཁྱོན་ཡོངས་ནས་རྩ་གཏོར་གཏོང་ངེས་ཡིན། དེ་ལས་དང་ཐོག་ནས་ནོར་འཁྲུལ་མ་བཟོས་ན་ཡག་གི་རེད།”ཅེས་བརྗོད་འདུག

དེ་བཞིན་ཨ་རིའི་སྲིད་གཞུང་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་རྒྱ་ནག་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ལ་ནན་བརྗོད་བྱས་དོན།ཉིན་མོ་དེ་རིང་ནས་བཟུང་བྱང་ཀོ་རི་ཡ་དང་ལྷན་དུ་ཚོང་འབྲེལ་ལུས་ཡོད་རིགས་ཡོངས་རྫོགས་འབྲེལ་བ་གཙང་གཅོད་བྱེད་དགོས་པ་དང་། དམིགས་བསལ་རྒྱ་ནག་གིས་བྱང་ཀོ་རི་ཡར་སྣུམ་འཚོང་ཡོངས་སུ་མཚམས་འཇོག་བྱེད་དགོས་ཀྱི་ཡོད།”ཅེས་བརྗོད་འདུག

མིག་དམར་བཅོ་ལྔ་བཟོ་སྐྲུན་ཁང་ནས་འཕེན་ཚུགས་སུ་དབོར་འདྲེན་བྱེད་སྐབས་ཀྱི་པར་རིས་དངོས།#Here’s the Hwasong 15 on its launch vehicle.

མིག་དམར་བཅོ་ལྔ་པའི་ལམ་ལྷོངས་སྟོན་མོ་བཤམས་ཞོར་དུ་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་རང་ངོས་ནས་ཡུལ་དེ་གའི་གཞུང་འབྲེལ་གསར་ཁང་བརྒྱུད་འགྲེལ་བརྗོད་བྱས་དོན།“མིག་དམར་བཅོ་ལྔ་པ་ལམ་ལྷོངས་བྱུང་བ་དང་ལྷན་ངེད་རྒྱལ་ཁབ་འདི་བཞིན་རྒྱལ་སྤྱིའི་ནང་། རྡུལ་མཚོན་གྱི་ནུས་སྟོབས་ཡོངས་སུ་རྫོགས་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུའི་ཕུགས་བསམ་མངོན་འགྱུར་བྱུང་བ་རེད།”ཅེས་བརྗོད་འདུག དེའི་ལན་དུ་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་བྱང་ཀོ་རི་ཡའི་ཐད་ནན་བརྗོད་བྱས་དོན།“འཕུར་མདའི་མི་ཆུང་དེས་རྒྱལ་སྤྱིའི་ནང་མུ་མཐུད་ཉེན་ཚབས་སློང་བཞིན་འདུག ཁོ་ནི་དངོས་གནས་ཁྱི་ཕྲུག་ནད་པ་ཞིག་རེད། ང་ཚོས་འབྱུང་འགྱུར་གྱི་གནས་སྟངས་རྣམས་སྟངས་འཛིན་བྱ་ཐུབ་པ་ཞིག་རེད་ལ། འཕུར་མདའི་མི་ཆུང་གི་གནས་ཚུལ་རྣམས་ངས་སྟངས་འཛིན་བྱ་གི་རེད།”ཅེས་བརྗོད་འདུག

དེ་བཞིན་ད་ལྟ་ཆུ་ཚོད་གཉིས་ཀྱི་སྔོན་དུ་སྲིད་འཛིན་ཀྲམ་ཧྥི་ཡིས་རང་ཉིད་ཀྱི་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་བརྒྱུད་བརྗོད་དོན།རྒྱ་ནག་གི་དམིགས་བསལ་ཕོ་ཉ་བྱང་ཀོ་རི་ཡ་ནས་ཕྱིར་འཁོར་མ་ཐག་རེད། བལྟས་ཚོད་དུ་འཕུར་མདའི་མི་ཆུང་དེར་ཁྱད་པར་ཅི་ཡང་བཟོས་མེད་པ་འདྲ། འཕུར་མདའི་མི་ཆུང་དེས་རང་ཉིད་ཀྱི་མི་དམངས་དང་དམག་མིའི་གནས་སྟངས་ཧ་ཅང་ཐབས་སྡུག་དེ་འདྲ་བཟོས་ཡོད་པ་ནི་དངོས་གནས་ཡིད་ཆེས་བྱེད་ཐབས་བྲལ་བ་ཞིག་རེད།”ཅེས་བརྗོད་འདུག དེ་བཞིན་སྲིད་འཛིན་ཀྲམ་ཧྥི་ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཐད་ཀར་ཁ་པར་བརྒྱུད་བྱང་ཀོ་རི་ཡར་སྣུམ་འཚོང་མཚམས་འཇོག་བྱེད་དགོས་པའི་ནན་སྐུལ་བྱས་ཡོད་སྐོར་བརྗོད་བཞིན་འདུག

ཀིམ་ཇུང་ཨུན་དངོས་ཀྱིས་མིག་དམར་བཅོ་ལྔ་པའི་ཚོད་ལྟའི་བཀའ་བཀོད་སྟངས་འཛིན་བྱེད་བཞིན་པ།#We know now from the launch data, can be seen on the monitor behind Kim Jong Un. Up to about 4,500kms and landing about 960km from the launch site.

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།