ནང་མི་བཅུ་ལྷན་དུ་དམར་གསོད།

0
263

རྒྱ་གར། ཨུ་ཏར་པར་རྡི་ཤི། སྤྱི་ལོ་2017ཟླ་1ཚེས་5ཉིན། དེ་རིང་ཞོགས་པ་རྒྱ་གར་གྱི་དུས་བབ་ལ་སོགས་པའི་གསར་ཁང་དུ་མ་ཞིག་གིས་གནས་ཚུལ་སྤེལ་གསལ།  ཁ་སང་ཉིན་རྒྱབ་རྒྱ་གར་གྱི་བྱང་ཁུལ་མངའ་སྡེ་ཨུ་ཏར་པར་རྡི་ཤི་(Uttar Pradesh)ཡི་ཨ་མེ་ཐི་(Amethi)ཞེས་པའི་གྲོང་བརྡལ་ནང་ཁྱོན་ནང་མི་བཅུ་དང་ཕྱི་མི་འཐོལ་པ་གཅིག་བཅས་ཁྱོན་མི་གྲངས་བཅུ་གཅིག་ལྷན་དུ་དམར་གསོད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

གནས་ཚུལ་དེ་བཞིན་ས་གནས་ཉེན་རྟོག་པས་བརྗོད་དོན། དེ་ཡང་གྲོང་བརྡལ་དེ་གའི་རང་ལོ་ཞེ་ལྔར་སོན་པའི་ཚོང་པ་ཞིག་གིས་རང་ཉིད་ཀྱི་འབྲེལ་ཡོད་ནང་མི་ཁྱོན་བཅུ་ལྷན་དུ་སྐེ་རྩ་བཅད་ནས་དམར་གསོད་བཏང་སྟེ། མཐར་རང་ཉིད་གནམ་ཐག་བརྒྱབས་ཏེ་རང་ཤི་བརྒྱབས་འདུག དེ་ཡང་དེ་གའི་ཉེན་རྟོག་པས་ཁ་སང་གནས་ཚུལ་ཐོན་པ་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་ངེས་ཤེས་བྱུང་བ་ནི་ཚོང་པ་དེས་སྔོན་དུ་ནང་མི་རྣམས་ལ་བཟི་སྨན་སྤྲད་ཡོད་པ་དང་། དེ་རྗེས་ཁོང་ཚོའི་སྐེ་རྩ་བཅད་དེ་དམར་གསོད་བཏང་ཡོད་པ་རེད་འདུག་ཅེས་བརྗོད།

དམར་གསོད་བཏང་བའི་ནང་དུ་རང་ཉིད་ཀྱི་བུ་མོ་བཞི་དང་། དེའི་ནང་དུ་ལོ་ན་གཉིས་ལ་སོན་པའི་བུ་མོ་ཆུང་ཆུང་ཞིག་ཀྱང་འདུག་ཅེས་བརྗོད་སོང་། ཉེན་རྟོག་པས་མི་གསོད་དོན་རྐྱེན་གནས་སྐབས་རྩད་ཆོད་བྱུང་ཡོད་ཀྱང་དོན་རྐྱེན་དེའི་རྒྱུ་རྐྱེན་ཇི་ཡིན་ཐད། ད་སྐབས་གནས་ཚུལ་དམིགས་བསལ་གང་ཡང་བརྗོད་རྒྱུ་མེད་ཅེས་གསར་འགོད་པར་བརྗོད་སོང་། དེ་བཞིན་ཉེན་རྟོག་པས་མུ་མཐུད་བརྗོད་རྒྱུར་ཐེངས་འདིའི་འཇིགས་སུ་རུང་བའི་དོན་རྐྱེན་དེའི་འོག་དམར་གསོད་དུ་ཕྱིན་པ་ཐམས་ཅད་བུད་མེད་ཤ་སྟག་རེད་འདུག་པས་གནད་དོན་དེར་འགག་རྩ་ཞིག་ཡོད་ཀྱི་རེད་བསམ་གྱི་འདུག་ཅེས་བརྗོད་སོང་།

ད་ལྟའི་ཆར་ཉེན་རྟོག་པར་དམིགས་བསལ་གྱི་རྒྱུ་རྐྱེན་ཇི་ཡིན་དང་གནས་ཚུལ་དངོས་ཇི་ཡིན་ཐད་དམིགས་བསལ་ཆེད་དུ་བརྗོད་རྒྱུ་གང་ཡང་མེད་པའི་གནས་ཚུལ་ཐོན་མུས་རེད་འདུག་ཅིང་། གནད་དོན་དེ་བཞིན་རྒྱལ་ཡོངས་རང་བཞིན་ཅན་གྱི་དོན་རྐྱེན་དུ་གྱུར་ཟིན་པས་ས་གནས་ཉེན་རྟོག་པས་ཧུར་ཐག་གིས་རྩད་གཅོད་བྱ་མུས་རེད་འདུག་ཅེས་བརྗོད། ཉེན་རྟོག་པས་དོན་རྐྱེན་དེའི་གྱོད་གནད་གཉིས་པ་ཞིག་ཚོད་དཔག་བྱས་ཡོད་པ་ནི་ཕལ་ཆེར་ནང་མིའི་ནང་འཁྲུག་གནད་དོན་ཡིན་པར་ཚོད་དཔག་བྱེད་ཀྱི་འདུག

དམར་གསོད་བཏང་བའི་ནང་དུ་རང་ལོ་42ཡིན་པའི་རང་ཉིད་ཀྱི་བཟའ་ཟླ་དང་། གཉེན་སྒྲིག་བྱས་ནས་ལོ་གསུམ་འགོར་བའི་རང་ཉིད་ཀྱི་བུད་མོ་རང་ལོ་17ལ་སོན་པ་ཞིག་ཀྱང་ཡོད་འདུག དེའི་ནང་དུ་རང་ཉིད་ཀྱི་བུ་གཉིས་ཀྱང་ཡོད་འདུག་མོད་སྟབས་ལེགས་པར་ཁོ་གཉིས་སྲོག་མགོ་ཐོན་ཙམ་བྱུང་ཡོད་འདུག བུ་དེ་གཉིས་ས་གནས་དེ་གའི་སྨན་ཁང་དུ་སྨན་བཅོས་བྱ་མུས་རེད་འདུག་ཅིང་ད་ལྟའི་ཆར་ཁོང་གཉིས་ཀྱི་གནས་སྟངས་ཛ་དྲག་གི་གནས་ལས་གྲོལ་ཐུབ་ཡོད་སྐོར་བརྗོད་འདུག

ཉེན་རྟོག་པས་བུ་དེ་གཉིས་ལ་སྐད་ཆ་དྲིས་པ་བརྒྱུད་ཁས་ཉིན་དགོང་དྲོ་པ་ལགས་ཀྱིས་ཁོང་ཚོར་སྨན་ཆུ་ཞིག་འཁྱེར་ཡོང་ནས་དེ་བཏུང་ན་ཅི་སྙིའི་ནད་དང་ཁྲག་ཤེད་ཀྱི་ནད་སོགས་སྔོན་འགོག་ཐུབ་ཚུལ་གླེང་སྟེ་ཁོང་ཚོ་འཐུང་དུ་བཅུག་རྗེས་ནང་མི་ཚང་མ་དྲན་པ་འཐོར་ཡོད་ཚོད་ཀྱི་སྐོར་བརྗོད་འདུག ཉེན་རྟོག་པས་ས་ཡུལ་དངོས་ནས་གྲི་གཉིས་རྙེད་ཡོད་པ་དང་། ད་ལྟའི་ཆར་གྲི་དེ་གཉིས་ཆེད་ལས་གྱོད་དོན་རྩད་ཞིབ་ཁང་དུ་བརྟག་དཔྱད་བྱེད་པར་མངགས་ཟིན་འདུག འོན་ཀྱང་། ད་སྐབས་ཕ་རྒན་དེའི་རང་ཤི་རྒྱག་དགོས་པའི་ཁ་ཆེམས་ཡི་གེ་སོགས་གང་ཡང་རྙེད་སོན་བྱུང་མི་འདུག

གནད་དོན་དེ་བྱུང་བ་ཉེ་འབྲེལ་ཚོས་ཤེས་རྗེས་ཁྱིམ་དུ་རྒྱུག་ནས་ལྟ་སྐབས་ཐོག་རྩེག་དང་པོའི་ཐོག་ནང་མི་གཞན་རྣམས་ཀྱི་ཕུང་པོ་མཐོང་ཡོད་པ་དང་། ཐོག་རྩེག་དེ་གའི་ཁང་པ་གཞན་ཞིག་གི་ནང་དུ་མི་གསོད་ཉེས་ཅན་པར་གླེང་བའི་ཕ་རྒན་དེ་ཉིད་གནམ་ཐག་བརྒྱབས་ནས་རང་ཤི་བརྒྱབས་ཡོད་པ་རྙེད་འདུག གནད་དོན་དེས་རྐྱེན་པས་གྲོང་གསེབ་ཀྱི་མི་རྣམས་ཟང་ཟིང་བཟོས་ཡོད་ཅིང་། མང་པོ་ཞིག་གིས་ད་ལྟའི་ཆར་གསར་འགོད་པར་ངོ་ལོག་རྒྱག་བཞིན་ཡོད་པ་དང་། གསར་འགོད་པའི་རླངས་འཁོར་མེར་སྲེག་བཏང་བའི་གནས་ཚུལ་བྱུང་འདུག་ཅེས་རྒྱ་གར་གྱིས་བང་ཆེན་གསར་ཁང་གིས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།