དམག་འཁྲུག་གི་དཔའ་བོ་མེག་ཁེན་འདས་གྲོངས། ཀྲམ་ཧྥི་དུར་འཇུག་ལ་ཡོང་མི་དགོས་ཟེར།

0
919
སྐུ་ཞབས་ཇོན་མེག་ཁན། ༡༩༣༦-༢༠༡༨#John Sidney McCain III (August 29, 1936 – August 25, 2018)

ཨ་རི། ཝ་ཤིང་ཌོན། སྤྱི་2018ཟླ་8ཚེས་27ཉིན། དེ་རིང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་རུ་ཀྲར་(Reuters)གསར་ཁང་སོགས་ཀྱིས་ཚ་གླེང་གནས་ཚུལ་སྤེལ་བཞིན་པ་ནི། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་དང་། ཝི་ཐི་ནམ་དམག་འཁྲུག་སྐབས་ཀྱི་དཔའ་བོའི་མིང་བྱང་ཡོད་པ། དེ་བཞིན་སྤྱི་ལོ་2008ཨ་རིའི་སྲིད་འཛིན་འོས་མིའི་ཁོངས་སུ་ཡོད་པའི་སྐུ་ཞབས་ཇོན་མེག་ཁེན་(John McCain)ལགས། ཨ་རིའི་རེས་གཟའ་སྤེན་པའི་ཉིན་རང་ལོ་81ཐོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་འདུག ཁོང་ནི་རྟག་པར་མཐའ་གཅིག་ཏུ་རང་ཉིད་ཀྱི་ཆབ་སྲིད་ཚོགས་པ་གཅིག་ཏུ་གྱུར་བའི་སྲིད་འཛིན་ཀྲམ་ཧྥིར་དགག་པ་རྒྱག་མཁན་གཙོ་གྲས་ཤིག་ཆགས་ཡོད།

སྐུ་ཞབས་མེག་ཁེན་ལགས་ནི་ཨ་རིའི་ལྷོ་ནུབ་མངའ་སྡེ་ཨེ་རི་ཛོ་(Arizona)ནས་གྲོས་ཚོགས་འཐུས་མིར་བསྟུད་མར་ལོ་ངོ་བཅུ་ཕྲག་གསུམ་ལྷག་བསྐོ་གཞག་བྱས་ཡོད། ཁོང་ཉིད་སྤྱི་ལོ་2017ནས་ཀླད་པའི་སྐྲན་ནད་ཀྱིས་ཟིན་ནས་ད་ལོ་གྲོས་ཚོགས་སུ་བཅར་ཐུབ་མེད་པར་བརྗོད། གསར་ལམ་ཁག་ནས་བརྗོད་དོན་ལྟར་ན་སྐུ་ཞབས་མེག་ཁེན་ལགས་ཀྱིས་དུས་རྟག་ཏུ་སྲིད་འཛིན་ཀྲམ་ཧྥིར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། འདས་གྲོངས་སུ་མ་གྱུར་བའི་སྔོན་དུ་ཁོང་གིས་རང་ཉིད་ཀྱི་དུར་འཇུག་ལ་ཀྲམ་ཧྥི་ཡོང་མི་དགོས་ཞེས་ནན་བརྗོད་བྱེད་བཞིན་འདུག་ཅེས་གསལ། ཨ་རིའི་གནད་ཡོད་མི་སྣ་གལ་ཆེན་ཁོང་ཉིད་འདས་གྲོངས་སུ་གྱུར་བའི་གནས་ཚུལ་དེ་ཉིད་ཐོན་རྗེས་མྱ་ངན་གུས་འདུད་ཆེད་དེ་རིང་ཉིན་གང་ཕོ་བྲང་དཀར་པོའི་ཐོག་གི་རྒྱལ་དར་ཕྱེད་ཙམ་ཕབ་ཡོད་པ་རེད་འདུག

སྐུ་ཞབས་སྤྱི་ལོ་1965ལོར་མཚོ་དམག་དམག་སྤྱི་གཞོན་པའི་ལས་གནས་འཁུར་སྐབས་ཀྱི་པར་རིས། གཡས་ཕྱོགས། ཇོན་མེག་ཁེན།#Lieutenant McCain (front right) with his squadron and T-2 Buckeye trainer, 1965

ཕོ་བྲང་དཀར་པོའི་སྲིད་འཛིན་ལྷན་ཁང་གི་མི་སྣས་སྲིད་འཛིན་ཀྲམ་ཧྥིར་བསམ་འཆར་ཞུས་ཏེ་གཞུང་འབྲེལ་ཡིད་སྐྱོའི་སེམས་གསོའི་འཕྲིན་ཡིག་ཅིག་སྤེལ་དགོས་ཚུལ་བརྗོད་མོད། སྲིད་འཛིན་ཀྲམ་ཧྥིས་སྟབས་བདེའི་ངང་སྤྱི་ཚོགས་ཀྲུའུ་ཀྲར་བརྒྱུད་“མེག་ཁེན་གྱི་ནང་མིར་མྱ་ངན་དང་གུས་ཞབས་གཏིང་ཟབ་ཡོད།”ཅེས་བཀོད་པ་ཙམ་ལས་སྐུ་ཞབས་མེག་ཁེན་སྒེར་དང་འབྲེལ་ཡོད་རྒྱུན་གཏན་གྱི་འགྲོ་ལུགས་ལྟར་གལ་ཆེའི་མི་སྣ་འདས་གྲོངས་སྐབས་བྱས་རྗེས་གླེང་སློང་དང་། བསྟོད་ཚིག་སོགས་རྐང་གཅིག་ཀྱང་བརྗོད་མེད་སྐོར་བརྗོད་བཞིན་འདུག

སྐུ་ཞབས་མེག་ཁེན་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐད་ད་ལྟ་གསོན་བཞིན་པའི་ཨ་རིའི་སྲིད་འཛིན་ཟུར་པ་ལྔ་ཀས་ཡིད་སྐྱོའི་སེམས་འཕྲིན་དང་། ཁོང་གི་བྱས་རྗེས་དང་ཨ་རིའི་དོན་དུ་དཔའ་བློ་སྟོབས་ཇི་ཙམ་བསྐྱེད་ཡོད་མིན། དེ་བཞིན་ཚུལ་སྤྱོད་དང་མི་གཤིས་སོགས་ཀྱི་ཐད་བསྟོད་བསྔགས་དང་རྗེས་དྲན་བྱས་ཡོད་པ་རེད་འདུག (མཆན། ད་ལྟ་གསོན་པའི་ཨ་རིའི་སྲིད་འཛིན་ལྔ་པོ་ནི། ཨོ་བྷ་མ། བྷུ་ཤི་ཕ་བུ་གཉིས། བྷིལ་ཁི་ལིན་ཌོན། ཇི་མི་ཁར་ཌར་བཅས་རེད།)

སྤྱི་ལོ་༢༠༠༨ལོར་སྐུ་ཞབས་མེག་ཁེན་ལགས་སྲིད་འཛིན་འོས་མིར་ལངས་སྐབས་ཁོང་གི་བཟའ་ཟླ་དང་ལྷན་དུ།#Republican presidential candidate U.S. Senator John McCain (R-AZ) and his wife Cindy McCain.

སྐུ་ཞབས་མེག་ཁེན་གྱི་བཟའ་ཟླ་སེན་ཌི་མེག་ཁེན་ལགས་ཀྱིས་བརྗོད་དོན།“ཁོང་ནི་ཇི་ལྟར་གསོན་པ་བཞིན་དེ་ལྟར་འདས་གྲོངས་སུ་གྱུར་ཡོད། ཁོང་གིས་ལས་གནས་འཁུར་བཞིན་པའི་སྐབས་སུ། ཁོང་གིས་དགའ་སའི་མི་ཚོགས་ཀྱིས་བསྐོར་ཏེ། ཁོང་གིས་ཆེས་དགའ་ཤོས་བྱེད་སའི་ས་གནས་དེར་འདས་གྲོངས་སུ་གྱུར་ཡོད།”ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།