དམག་ཆེན་གསུམ་པར་དེང་དུས་ཤེས་དཔལ་རྩ་སྟོང་འགྲོ་རྒྱུ་རེད། པུ་ཏིན་གྱི་སྐད་ཆ།

0
1876

ཨུ་རུ་སུ། མོ་སི་ཁོ། སྤྱི་ལོ་2018ཟླ་6ཚེས་7ཉིན། ད་ལྟ་ཨུ་རུ་སུའི་གཞུང་འབྲེལ་དབྱིན་ཡིག་གསར་ཁང་ཨུ་རུ་སུའི་དུས་བབ་(Russian Times)ཐོག་གནས་ཚུལ་སྤེལ་གསལ། ཨུ་རུ་སུའི་སྲིད་འཛིན་པུ་ཏིན་(Vladimir Putin)གྱིས་དེ་རིང་བརྙན་འཕྲིན་ཐད་སྟོན་ལེ་ཚན་བརྒྱུད་བཅར་འདྲིའི་ལས་རིམ་ནང་འབྱུང་འགྱུར་དམག་ཆེན་གསུམ་པའི་གནད་དོན་དང་འབྲེལ་ནས་འགྲེལ་བརྗོད་བྱས་དོན།“དམག་ཆེན་གསར་པ་ཞིག་ལངས་ཚེ་དེས་འགྲོ་བ་མིའི་རིགས་ཀྱི་དེང་དུས་ཤེས་རིག་ཡོངས་སུ་རྩ་མེད་བཟོ་གི་རེད། དེའི་ཕྱིར་ང་ཚོས་དམག་ཆེན་ལངས་རྒྱུར་ངེས་པར་དུ་བཀག་སྡོམ་དང་འགོག་རྒོལ་བྱེད་དགོས་ཀྱི་ཡོད།”ཅེས་བརྗོད་འདུག  དེ་ལྟར་གནས་ཚུལ་དེའི་ཐད་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་འགྲེལ་བརྗོད་བྱས་དོན།“ཨུ་རུ་སུའི་སྲིད་འཛིན་པུ་ཏིན་གྱིས་ཅི་ཞིག་བརྗོད་བཞིན་ཡོད་དམ་ཞེ་ན། དེ་ནི་དམག་ཆེན་གཉིས་པའི་མཇུག་གི་གྲང་དམག་གི་འགྲོ་ལུགས་ལྟར་ད་མཚམས་དམག་ཆེན་ལངས་ཚེ་ལམ་སེང་ཕན་ཚུན་གཉིས་ཀ་མེད་པ་བཟོ་རྒྱུའི་གནད་དོན་བསྐྱར་བརྗོད་བྱེད་བཞིན་ཡོད་པ་རེད།”ཅེས་བརྗོད་འདུག

སྲིད་འཛིན་པུ་ཏིན་གྱིས་མུ་མཐུད་ཚན་རིག་པ་གྲགས་ཅན་ཨེན་སི་ཊིན་(Albert Einstein)གྱི་གསུང་དུམ་ཞིག་ལུང་འདྲེན་བྱས་ཏེ་བརྗོད་དོན།“ཚན་རིག་པ་སྐུ་ཞབས་ཨེན་སི་ཊིན་གྱིས་བཀའ་མོལ་དེ་འདྲ་ཞིག་གསུངས་ཡོད། དེ་ལྟར་རེད། དམག་ཆེན་གསུམ་པ་ལངས་སྐབས་མཚོན་ཆ་ཅི་ཞིག་སྤྱོད་ཀྱི་ཡོད་མིན་ངས་ཤེས་ཀྱི་མེད། འོན་ཀྱང་། དམག་ཆེན་བཞི་པ་དེ་ཉིད་རྡོ་དང་དབྱུག་འཛིང་བྱ་དགོས་ཁེལ་ངེས་རེད།”ཅེས་བརྗོད་འདུག དེ་ལྟར་ན་དམག་ཆེན་གསུམ་པའི་དམིགས་ཡུལ་ངེས་ཅན་དེ་ཉིད་ནི་འཛམ་གླིང་ཡོད་ཚད་ཐལ་བའི་རྡུལ་དུ་བརླག་རྒྱུ་དང་། ཁ་གཏད་རྒྱལ་ཁབ་ཡོད་ཚད་ཕན་ཚུན་གཉིས་ཀ་མེད་པ་བཟོ་རྒྱུར་གྲ་སྒྲིག་ཨང་གསར་བྱས་ནས་བསྡད་ཡོད་པ་ནི་དངོས་ཡོད་དུ་གྱུར་ཡོད།

སྲིད་འཛིན་པུ་ཏིན་གྱིས་གོང་སྨྲས་ལུང་ཚིག་དེ་ཉིད་ཇེ་གསལ་དུ་བཏང་དོན།“སྐུ་ཞབས་ཨེན་སི་ཊིན་གྱིས་བཀའ་མོལ་དེ་ཉིད་སྤྱི་ལོ་1947ལོར་རྡུལ་མཚོན་བཟོ་སྐྲུན་ལེགས་གྲུབ་བྱུང་རྗེས་གསུངས་པ་ཞིག་རེད།”ཅེས་བརྗོད། དེ་མཚུངས་སྲིད་འཛིན་པུ་ཏིན་གྱིས་མུ་མཐུད་ནན་བརྗོད་བྱ་རྒྱུར།“སྤྱི་ལོ་2001ལོར་ཨ་རིས་ཨུ་རུ་སུ་དང་ལྷན་དུ་བཞག་པའི་རྒྱང་སྐྱོད་མེ་ཤུགས་འཕུར་མདའ་བཟོ་སྐྲུན་མཚམས་འཇོག་གི་ཆིངས་ཡིག་ལས་ཕྱིར་འཐེན་བྱས་པ་དེ་ནི་རྒྱལ་སྤྱིའི་འདྲ་མཉམ་འགྲོ་ལུགས་ལས་བརྒལ་ཏེ་རང་ཉིད་སྔོན་དུ་ཐོན་རྒྱུའི་ཆབ་སྲིད་རེད།”ཅེས་སྐྱོན་བརྗོད་བྱས་འདུག

ཕན་ཚུན་གཉིས་ཀ་གཏོར་རྒོལ་ལམ་རྩ་མེད་བཟོ་རྒྱུའི་འཇིགས་སྐྲག་གི་གནས་སྟངས་དེ་ནི་ད་ལྟའི་ཆར་ཛ་ཇེ་དྲག་ཏུ་གྱུར་ཟིན་པ་དང་། རྒྱལ་ཁབ་སྟོབས་ཆེ་གྲས་ཚང་མས་རྡུལ་མཚོན་གྲ་སྒྲིག་ཨང་གསར་བྱས་ཏེ་དམག་ཆེན་གསུམ་པར་ངང་སྒུག་བྱེད་བཞིན་པ་ལྟར་གནས་མུས་སུ་གླེང་། སྲིད་འཛིན་པུ་ཏིན་གྱིས་བསྐྱར་དུ་ཨ་རིར་ནན་བརྗོད་བྱས་དོན།“ཨ་རིས་རྒྱང་སྐྱོད་རྡུལ་མཚོན་འཕུར་མདའ་མཚམས་འཇོག་གི་ཆིངས་ཡིག་ལས་ཕྱིར་འཐེན་བྱས་པ་རེད། དེ་ནི་འདྲ་མཉམ་གྱི་འགྲོ་ལུགས་ལས་བརྒལ་ཏེ་སྔོན་དུ་འགྲོ་འདོད་ཡོད་པ་དེ་རེད། དོན་དངོས་ཐོག་ཆིངས་ཡིག་དེ་ཉིད་ནི་གོ་མཚོན་སྔོན་ཐོན་རྒྱལ་ཁབ་དག་གིས་འཛམ་གླིང་གི་འགན་འཁུར་བླངས་ཏེ་ལས་ངན་གང་བྱུང་མ་རྩོམ་རྒྱུའི་ཆེད་དུ་རེད། འོན་ཀྱང་། བྱེད་སྟངས་དེ་རིགས་ལ་ང་ཚོས་ལན་འདེབས་ནན་ཏན་བྱ་གི་རེད།”ཅེས་བརྗོད་འདུག

ཨུ་རུ་སུའི་མཚོ་དམག་གིས་དམག་སྦྱོང་བྱེད་བཞིན་པ། སྤྱི་ལོ་2016ལོའི་འདྲ་པར། #Russia has wanted to be a major naval power since the days of Peter the Great in the early 1700’s, but it has always faced the curse of Russian geography.

མཐར་སྲིད་འཛིན་པུ་ཏིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ལྟ་སྟངས་ཐད་གསལ་བཤད་བྱས་དོན།“སྤྱིར་ནུབ་ཕྱོགས་རྒྱལ་ཁབ་ཚོས་དཔལ་འབྱོར་དང་ཕྱི་འབྲེལ་གང་སྤྱི་ནས་ངེད་ཨུ་རུ་སུ་ནི་ཁོང་ཚོའི་ཁ་གཏད་དམ་འགྲན་ཡར་མངོན་བཞིན་ཡོད། ཕྱོགས་གཞན་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུའི་ཐོག་ཏུ་ཕབ་པའི་ཉེས་ཆད་དག་གིས་ང་ཚོར་ཇི་ཙམ་གནོད་པ་བཞིན་དོན་དངོས་ཐོག་ནུབ་ཕྱོགས་རྒྱལ་ཁབ་དེ་ཚོར་ཡང་གྱོང་གུན་གཅིག་མཚུངས་སུ་འཕོག་བཞིན་ཡོད། ནུབ་ཕྱོགས་པའི་འགོ་ཁྲིད་ཚོས་ཁོང་ཚོས་ང་ཚོར་བཅད་པའི་ཉེས་ཆད་ཀྱིས་ང་ཚོའི་ཡར་རྒྱས་སྔོན་འགོག་བྱ་ཐུབ་ཀྱི་རེད་བསམ་བཞིན་ཡོད། སྲིད་བྱུས་དེ་དང་འདོད་ཚུལ་དེ་ཉིད་རྩིས་ནོར་ཐེབས་པ་ཞིག་རེད།”ཅེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།