དབྱིན་ཡུལ་གྱི་སྲིད་བློན་ལྐོག་གསོད་འཆར་གཞི། ལོན་ཊོན་དྲག་སྤྱོད་ཀྱི་ཚ་རླབས།

0
1448
དབྱིན་ཡུལ་དུ་ད་སྐབས་དྲག་སྤྱོད་ཀྱི་ཉེན་ཚབས་སྔར་ལས་ཇེ་ཆེར་འགྲོ་བཞིན་འདུག་ཅིང་། གཞུང་ཕྱོགས་ནས་དྲག་སྤྱོད་སྔོན་འགོག་ཐད་ཤུགས་སྣོན་དང་འགྲོ་སོང་ཕོན་ཆེན་གཏོང་དགོས་ཁེལ་བཞིན་ཡོད་པ་རེད་འདུག#The number of arrests for terror offences in the UK has risen almost 70 per cent in a year to a record high. New statistics released by the Home Office show there were 379 arrests in the year to June, compared to 226 in the previous 12 months.

དབྱིན་ཡུལ། ལོན་ཊོན། སྤྱི་ལོ་2017ཟླ་12ཚེས་6ཉིན། ད་ལྟ་ཆུ་ཚོད་གཅིག་གི་སྔོན་དུ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་རུ་ཀྲར་(Reuters)ལ་སོགས་པས་གནས་ཚུལ་སྤེལ་གསལ། དེ་རིང་དབྱིན་གཞུང་རྒྱལ་ནང་ཆེས་མཐོའི་གསང་བའི་ལྷན་ཁང་(MI5)དང་དབྱིན་གཞུང་བདེ་སྲུང་ལྷན་ཁང་ནས་གནས་ཚུལ་ཕྱིར་བསྒྲགས་བྱས་དོན་ལྟར་ན། དབྱི་སི་ལམ་དར་སྤེལ་དྲག་སྤྱོད་པ་སྐྱེས་པ་གཉིས་ཀྱིས་དབྱིན་ཡུལ་གྱི་སྲིད་བློན་ལྕམ་སྐུ་ཐེ་རེ་ས་(Theresa May)འབར་གས་དྲག་རྒོལ་འོག་ལྐོག་གསོད་ཀྱི་འཆར་གཞི་བཏིང་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་སྐོར་གྱི་གནས་ཚུལ་ཐོན་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ནས་གཏན་ཁེལ་གྱི་གནས་ཚུལ་སྤེལ་དོན་ལ་གཞིགས་ན། དབྱིན་གཞུང་རྒྱལ་ནང་ཆེས་མཐོའི་གསང་བའི་ལྷན་ཁང་(MI5)དང་། དབྱིན་གཞུང་དྲག་སྤྱོད་འགོག་རྒོལ་བདེ་སྲུང་རུ་ཁག་(UKs Counter-terrorism security service)གཉིས་ཀྱིས་སྲིད་བློན་ལྐོག་གསོད་ཀྱི་འཆར་གཞི་དང་འབྲེལ་ཡོད་སྐྱེས་པ་དེ་གཉིས་འཛིན་བཟུང་བྱས་ཟིན་འདུག་ཅིང་། དེ་རིང་ལོན་ཊོན་གྲོང་ཁྱེར་གྱི་ཆེས་མཐོའི་ཁྲིམས་རར་བསྐྱལ་རྒྱུ་ཡིན་ཚུལ་བརྗོད་བཞིན་འདུག ཉེན་རྟོག་པའི་འདྲི་རྩད་ཀྱི་བརྒྱུད་རིམ་ནང་སྐྱེས་པ་དེ་གཉིས་ཀྱིས་བརྗོད་དོན་ལྟར་ན། སྲིད་བློན་སྡོད་ཡུལ་གྱི་རྒྱལ་སྒོ་འབར་གས་ཀྱིས་གཏོར་རྒོལ་བཏང་རྗེས་འུར་ཟིང་གི་ཁྲོད་ནང་དུ་འཛུལ་ནས་སྲིད་བློན་ལ་གྲི་བཙུགས་ནས་གསོད་རྒྱུའི་འཆར་གཞི་བསྒྲིགས་ཡོད་སྐོར་བརྗོད།

དབྱིན་གཞུང་རྒྱལ་ནང་ཆེས་མཐོའི་གསང་བའི་ལྷན་ཁང་གི་འགན་འཛིན་སྐུ་ཞབས་པཱར་ཁར།#MI5 chief Andrew Parker.

སྐྱེས་པ་དེ་གཉིས་ལས་གཅིག་གི་མིང་ལ་ཛ་ཁེ་རི་ཡ་-རེ་མཱན་(Naaimur Zakariya Rahman)དང་རང་ལོ་20ཡིན་པ་རེད་འདུག གཅིག་ཤོས་ཀྱི་མིང་ལ་མཱོ་ཧ་མཌི་-ཨིམ་རན་(Mohammed Aqib Imran)དང་རང་ལོ་21རེད་འདུག ལོན་ཊོན་དུ་ཁོང་གཉིས་ཀྱི་སྡོད་ཡུལ་ནི་གཅིག་ཤོས་ལོན་ཊོན་བྱང་ཁུལ་དང་། གཅིག་ཤོས་ལོན་ཊོན་གྱི་ལྷོ་ནུབ་ཁུལ་དུ་སྡོད་ཀྱི་ཡོད་པར་བརྗོད།

ད་ལན་གྱི་གནས་ཚུལ་དེ་ཉིད་ཕྱིར་བསྒྲགས་ཡོང་དོན་ནི་ཁ་སང་དབྱིན་གཞུང་རྒྱལ་ནང་ཆེས་མཐོའི་གསང་བའི་ལྷན་ཁང་གི་འགན་འཛིན་སྐུ་ཞབས་པཱར་ཁར་(Andrew Parker)ལགས་ཀྱིས་གྲོས་ཚོགས་སུ་བཅར་བའི་བློན་ཆེན་རྣམས་ལ་ནན་བརྗོད་བྱས་དོན། སྐབས་དོན་ཛ་དྲག་ཆེ་བའི་སྲིད་བློན་ལྐོག་གསོད་ཀྱི་འཆར་གཞི་དེ་ཉིད་ཕུད། ད་དུང་། འདི་ལོར་དྲག་རྒོལ་གྱི་འཆར་གཞི་ཆེ་ཁག་གཞན་དགུ་སྔོན་ཚུན་ནས་ཤེས་རྟོགས་བྱུང་ཡོད་སྐོར་གྱི་ནན་བརྗོད་བྱས་ཡོད་འདུག

ད་ལྟའི་ཆར་དབྱིན་ཡུལ་གྱི་ས་གནས་གང་ས་དང་འདུ་འཛོམས་ཆེ་ཁག་གང་སར་བདེ་སྲུང་ལས་མི་ཁ་སྣོན་ཕོན་ཆེན་བྱེད་བཞིན་འདུག་ཅིང་། དྲག་སྤྱོད་སྔོན་འགོག་དང་འབྲེལ་དོགས་ཡོད་མི་སྣ་འཛིན་བཟུང་བྱེད་ཚད་བརྒྱ་ཆ་70%བར་འཕར་ཡོད་པར་བརྗོད།#SECURITY has been stepped up at major events and landmarks across the UK amid fears of an Islamic State-inspired terror campaign.

སྐུ་ཞབས་པཱར་ཁར་ལགས་ཀྱིས་མུ་མཐུད་ནན་བརྗོད་བྱས་དོན།“འདི་ལོར་དབྱིན་ཡུལ་དུ་དྲག་སྤྱོད་པའི་དྲག་རྒོལ་ཐེངས་བཞི་ཕོག་ཡོད་པ་དང་། ཁྱོན་མི་དམངས་36དམར་གསོད་ཕྱིན་ཡོད། དེ་ནི་སྤྱི་ལོ་2005ཟླ་7ཚེས་7ཉིན་གྱི་དྲག་འབར་གས་དྲག་རྒོལ་རྗེས་ཀྱི་དྲག་སྤྱོད་ལས་འགུལ་ཚབས་ཆེ་ཤོས་དེ་ཉིད་ཆགས་ཀྱི་ཡོད་པ་རེད། ད་ལྟའི་ཆར་དབྱིན་ཡུལ་དུ་འདས་པའི་མི་ལོ་34ནང་གི་དྲག་སྤྱོད་ཚ་རླབས་ཆེ་ཤོས་དེ་ཉིད་འཕྱུར་བཞིན་འདུག”ཅེས་ཉེན་བརྡ་བཏང་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།