དངུལ་ལོའི་གསར་བརྗེའི་གྲུབ་འབྲས་ཐོན་མི་འདུག་ཟེར། དངུལ་རྙིང་99.3%ཕྱིར་བསྡུ་ཟིན།

0
1302
རྒྱ་གར་གཞུང་ཕྱོགས་ཀྱིས་དངུལ་ལོའི་གསར་བརྗེའི་འཆར་འགོད་དང་ཚོད་དཔག་བྱས་པའི་དམར་ཐིག་དེར་རེག་ཐུབ་མེད་པར་བརྗོད།#Experts point out that even though electronic transactions have increased, they haven’t risen at a pace the government expected.

རྒྱ་གར། ལྡི་ལི་གསར་པ། སྤྱི་2018ཟླ་8ཚེས་29ཉིན། དེ་རིང་ཕྱི་དྲོ་རྒྱ་གར་དང་ཨ་ཧྥི་རི་ཁའི་ནང་འགྲོ་རྒྱུགས་ཆེ་བའི་ཉི་ཧོང་གི་དཔལ་འབྱོར་གསར་འཕྲིན་དྲ་གནས་Quartzཞེས་པའི་ཐོག་གནས་ཚུལ་སྤེལ་གསལ། སྤྱི་ལོ་2016ཟླ་11ཚེས་8ཉིན་རྒྱ་གར་གཞུང་འཛིན་ཆབ་སྲིད་ཚོགས་པའི་སྣེ་ཁྲིད་འོག་བྱུང་བའི་དངུལ་ལོའི་གསར་བརྗེ་གྲགས་ཅན་དེ་ཉིད་ཀྱི་མཇུག་འབྲས་བཟང་ངན་ཅི་བྱུང་ཐད་ཁ་གསལ་གྱི་སྙན་ཐོ་ཅི་ཡང་ཐོན་མེད་པར་བརྗོད། འོན་ཀྱང་། དེ་རིང་(སྤྱི་ལོ་2018ཟླ་8ཚེས་29ཉིན།)རྒྱ་གར་གཞུང་དངུལ་དཔར་དངུལ་ཁང་(RBI)གི་སྙན་ཐོ་བཏོན་གསལ་ལྟར་ན། བཀག་སྡོམ་ཟིན་པའི་དངུལ་རྙིང་ཁྱོན་བརྒྱ་ཆ་99.3%རྒྱ་གར་གཞུང་དངུལ་ཁང་ཁག་གིས་ཕྱིར་བསྡུ་ཟིན་ཡོད་པར་བརྗོད།

དེ་རིང་གི་སྙན་ཐོ་དེ་ཉིད་ལྟར་ན་དངུལ་ལོའི་གསར་བརྗེ་དེ་ཉིད་བརྩམས་ཏེ་གྲུབ་འབྲས་ཅི་ཐོན་ལ་བསམ་གཞིགས་བྱ་དགོས་པའི་གནས་སུ་གྱུར་ཚུལ་གླེང་ཞིང་། ད་ལྟའི་ཆར་བཀག་སྡོམ་ཟིན་པའི་དངུལ་རྙིང་བརྒྱ་ཆ་0.7%ཁོ་ན་རྒྱ་གར་གཞུང་དངུལ་ཁང་གིས་ཕྱིར་བསྡུ་མ་ཐུབ་པར་ལུས་ཡོད་པ་ལས་གཞན་དངུལ་རྙིང་ཕྱིར་བསྡུའི་ལས་རིམ་ཁྱོན་ཡོངས་ནས་མཇུག་བསྒྲིལ་སྐོར་གསལ། དེ་ལྟར་ན་དེ་སྔའི་དངུལ་ལོའི་གསར་བརྗེའི་དམིགས་ཡུལ་ཐོག་མ་དེ་བཞིན་རྒྱ་གར་གྱི་དངུལ་ལོར་རྫུན་མ་བཀག་འགོག་དང་། དངུལ་རྙིང་ནག་ཉར་བྱས་ཏེ་དྲག་སྤྱོད་ལས་འགུལ་སྐུལ་དེད་གཏོང་རྒྱུར་སྤྱོད་རྒྱུ་རྩ་འགོག།། རྒྱ་གར་རྒྱལ་ཡོངས་སུ་དྲ་ཐོག་དངུལ་སྤྱོད་སྐུལ་དེད་གཏོང་རྒྱུ་སོགས་ཀྱི་འཆར་གཞི་ངེས་ཅན་བསྒྲིགས་ཡོད། འོན་ཀྱང་། འདས་པའི་དུས་ཡུན་དེའི་རིང་དོན་དངོས་སུ་རྒྱ་གར་གྱི་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་ཁྱད་པར་ཅི་ཙམ་བཟོས་ཡོད་མིན་ཐད་བསྐྱར་ཞིབ་ངེས་ཅན་བྱ་དགོས་པའི་གནས་ཚུལ་བརྗོད།

རྒྱ་གར་གཞུང་དཔལ་འབྱོར་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་སུ་བྷ་ཤི་ལགས་ཀྱིས་བརྗོད་དོན། ང་ཚོའི་དངུལ་ལོའི་གསར་བརྗེའི་འཆར་གཞི་དང་དམིགས་ཡུལ་རྣམས་རིམ་པས་སྒྲུབ་བཞིན་ཡོད། དཔེར་ན། དངུལ་དམར་ཉག་ཉར། དྲག་སྤྱོད་སྐུལ་དེད་དངུལ་གཏོང་། དྲ་ཐོག་དངུལ་སྤྱོད་སྐུལ་དེད་གཏོང་རྒྱུ། དངུལ་ལོར་རྫུན་མ་བཀག་འགོག་སོགས་ཁྱོན་ཡོངས་ནས་གྲུབ་འབྲས་ཐོན་བཞིན་ཡོད།#Subhash Chandra Garg said objectives of the note ban like checking black money, terror financing, promoting digital transaction and weeding out fake currency notes have been achieved.

དངུལ་ལོའི་གསར་བརྗེའི་དམིགས་ཡུལ་དེ་དག་གི་ནང་ནས་སྲིད་བློན་མོ་རྡི་ཡིས་ནན་བརྗོད་ཐེངས་མང་བྱས་པ་ནི་རྒྱ་གར་དྲ་ཐོག་དངུལ་སྤྱོད་ལམ་ལུགས་(Digital India)ཐོག་མདུན་སྐྱོད་བྱ་རྒྱུར་སྐུལ་དེད་གཏོང་རྒྱུ་དེ་ཉིད་ཡིན་མོད། དེ་རིང་རྒྱ་གར་གཞུང་དཔལ་འབྱོར་ལྷན་ཁང་གི་དྲུང་ཆེ་སུ་བྷ་ཤི་ལགས་(Subhash Chandra Garg)ཀྱིས་བརྗོད་དོན་ལྟར་ན།“ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་ཀུན་ལ་ཤོག་དངུལ་ཉུང་དྲགས་པའི་དཀའ་ངལ་རྩ་བ་ནས་མེད།”ཅེས་བརྗོད། དེ་བཞིན་ཕྱིར་བསྡུ་ཟིན་པའི་དངུལ་རྙིང་གི་གྲངས་འབོར་(15.41 Lakh crore)ལྟར་ཤོག་དངུལ་གསར་པའི་གྲངས་འབོར་(15.31 Lakh crore)འགྲེམས་སྤེལ་བྱས་ཟིན་པ་ཙམ་གྱིས་གོང་སྨྲོས་དམིགས་ཡུལ་གྱི་ལན་འདེབས་སུ་གྱུར་ཡོད་སྐོར་བརྗོད།

གནས་ཚུལ་དེ་དང་འབྲེལ་བའི་ཐད་དཔལ་འབྱོར་དབྱེ་ཞིབ་ཆེད་ལས་པས་བརྗོད་དོན་ལྟར་ན།“རྒྱ་གར་གྱི་དྲ་ཐོག་དངུལ་སྤྱོད་གྲངས་འབོར་གནས་སྐབས་རིང་ཁྱོན་ཡོངས་ནས་འཕར་ཡོད། དེ་ནི་དུས་ཡུན་དེའི་རིང་ཤོག་དངུལ་ཉུང་དྲགས་པའི་དཀའ་ངལ་གྱི་ཤུགས་རྐྱེན་ཙམ་རེད། འོན་ཀྱང་། དོན་དངོས་ཐོག་སྤྱིའི་ཆ་ནས་རྒྱ་གར་གྱི་དྲ་ཐོག་དངུལ་སྤྱོད་གྲངས་འབོར་འཕར་མོད། རྒྱ་གར་གཞུང་ཕྱོགས་ཀྱིས་འཆར་འགོད་དང་ཚོད་དཔག་བྱས་པའི་དམར་ཐིག་དེར་རེག་ཐུབ་མེད། དེ་བཞིན་གཞུང་གིས་དང་ཐོག་འཆར་འགོད་བྱས་པའི་དམིགས་ཡུལ་གང་ཡང་བསྒྲུབས་མེད། དཔེར་ན། དྲག་སྤྱོད་སྔོན་འགོག་དང་། ལྐོག་ཟ་རུལ་སུངས་རྩ་མེད་བཟོ་རྒྱུ་སོགས་ཀྱི་འཆར་གཞི་སོགས་གང་ལའང་ཕན་མེད་པ་མངོན་གསལ་རེད། དེ་ལས་ལྡོག་སྟེ་འཁྱོམ་འཁྲུག་བྱུང་བའི་རྒྱ་གར་རྒྱལ་ཡོངས་ཀྱི་དཔལ་འབྱོར་གྱི་དཀའ་ངལ་དེ་ཉིད་ལས་ད་དུང་ཡང་གྲོལ་ཐུབ་མེད།”ཅེས་བརྗོད་འདུག

ཕྱོགས་གཞན་ནས་དེ་རིང་རྒྱ་གར་གཞུང་དཔལ་འབྱོར་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་སུ་བྷ་ཤི་ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་བྱས་དོན་ལྟར་ན།“ང་ཚོའི་དངུལ་ལོའི་གསར་བརྗེའི་འཆར་གཞི་དང་དམིགས་ཡུལ་རྣམས་རིམ་པས་སྒྲུབ་བཞིན་ཡོད། དཔེར་ན། དངུལ་དམར་ཉག་ཉར། དྲག་སྤྱོད་སྐུལ་དེད་དངུལ་གཏོང་། དྲ་ཐོག་དངུལ་སྤྱོད་སྐུལ་དེད་གཏོང་རྒྱུ། དངུལ་ལོར་རྫུན་མ་བཀག་འགོག་སོགས་ཁྱོན་ཡོངས་ནས་གྲུབ་འབྲས་ཐོན་བཞིན་ཡོད། ངའི་བསམ་པར་དངུལ་ལོའི་གསར་བརྗེའི་གྲུབ་འབྲས་ཆད་མེད་ངང་རིམ་པས་ཐོན་བཞིན་ཡོད།”ཅེས་བརྗོད་སོང་།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།