དཀོན་མཆོག་ལ་ཀུ་ཤུ་ཁ་པར་གྱི་མཆོད་པ་ཕུལ་བ། ཚ་གླེང་།

0
1543

རྒྱ་གར། ཧེ་རྡར་བྷ་ཏི། སྤྱི་ལོ་2018ཟླ་3ཚེས་11ཉིན། ད་ལྟ་ཆུ་ཚོད་འགའི་སྔོན་དུ་མོམ་བྷེ་མེ་ལོང་(Mumbai Mirror)ལ་སོགས་པའི་ཐོག་ཏུ་དམིགས་བསལ་གྱི་གནས་ཚུལ་ཞིག་སྤེལ་བཞིན་པ་ནི།  རྒྱ་གར་གྱི་ལྷོ་ཁུལ་མངའ་སྡེ་ཨན་རྡར་པར་རྡེ་ཤིའི་(Andhra Pradesh)ཀི་ཤྲི་ནཱ་རྫོང་ཁུལ་(Krishna District)དུ་ཡོད་པའི་ཧིན་རྡུའི་ལྷ་ཁང་ཞིག་གི་མཆོད་འབུལ་ཞལ་འདེབས་ལྡུག་སྒམ་གྱི་ནང་དུ་མཇལ་ཞུ་བ་ཞིག་གིས་ཀུ་ཤུ་ཁ་པར་6ཞིག་ཕུལ་ཡོད་པའི་གནས་ཚུལ་ཐོན་འདུག

གནས་ཚུལ་དེའི་ཐད་ལྷ་ཁང་དེ་ཉིད་ཀྱི་དཀོར་གཉེར་དང་འབྲེལ་ཡོད་ལས་སྣེ་ཚོས་འགྲེལ་བརྗོད་བྱས་དོན།“ང་ཚོ་ཁ་སང་རེས་གཟའ་སྤེན་པའི་ཉིན་མཆོད་འབུལ་ཞལ་འདེབས་བརྩིས་སྐབས། ཞལ་འདེབས་ལྡུག་སྒམ་གྱི་ནང་ནས་ཀུ་ཤུ་ཁ་པར་6ཞིག་ཐོན་སོང་། དེ་ཡང་ཁ་པར་གྱི་བྱུང་འཛིན་དང་བཟོ་གྲྭའི་དུས་བཀག་བཟོ་བཅོས་འགན་ལེན་བཅས་ཚང་མ་ལྷན་དུ་བླུགས་འདུག རྒྱུན་དུ་དད་ལྡན་མཇལ་ཞུ་བ་ཚོས་ཤོག་སྒོར་དང་གསེར་དངུལ་གྱི་རྒྱན་ཆ་སོགས་ལས་གཞན་ཕུལ་མཁན་བྱུང་གི་མེད། ད་ལན་གྱི་གནས་ཚུལ་དེ་ནི་དམིགས་བསལ་རེད།”ཅེས་བརྗོད་འདུག

རྒྱ་གར་ནང་ཡོད་ལྷ་ཁང་ཆེ་རིགས་ཀྱི་ཞལ་འདེབས་འབུལ་སྒམ།#Devotee Offers IPhone 6S to God at Lord Subramanya Swamy Temple.

ལྷ་ཁང་དེ་ཉིད་ཀྱི་ལས་བྱེད་འགན་འཛིན་སྐུ་ཞབས་ཀུ་མར་(Sarada Kumar)ལགས་ཀྱིས་གསལ་བརྗོད་འཕར་མ་བྱས་དོན།“ང་ཚོས་ལྷ་ཁང་གི་འགྲོ་ལུགས་ལྟར་ཟླ་གསུམ་རེའི་མཚམས་སུ་ཞལ་འདེབས་ལྡུག་སྒམ་དེ་ཉིད་ཐེངས་རེ་ཁ་ཕྱེས་ཀྱི་ཡོད་པ་རེད། དུས་རྒྱུན་གསེར་དངུལ་དང་ཤོག་སྒོར་ལས་གཞན་ཕུལ་མཁན་མེད། དེ་རིང་གི་གནས་ཚུལ་དེ་ནི་དངོས་གནས་དམིགས་བསལ་རེད། ཀུ་ཤུ་ཁ་པར་དེ་ཉིད་གསར་རྐྱང་རེད་འདུག མ་ཟད། བྱུང་འཛིན་དང་འབྲེལ་ཡོད་ཡིག་ཆ་ཚང་མ་ལྷན་དུ་ཕུལ་འདུག སྤྱིར་འདས་པའི་ཟླ་གསུམ་ནང་དད་ལྡན་པས་ཞལ་འདེབས་ཁྱོན་ཧིན་སྒོར་ས་ཡ་4.8དང་། གསེར་སྲང་89(gram) དངུལ་སྤྱི་རྒྱ་1.58བཅས་ཕུལ་འདུག”ཅེས་བརྗོད།

གསར་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། འབྲེལ་ཡོད་རྩ་ཆེའི་ལྷ་ཁང་དེ་རིགས་ལ་རྒྱུན་དུ་རླངས་འཁོར་དང་། སྦག་སྦག་(འཕྲུལ་རྟ་)སོགས་འབུལ་མཁན་ཡོང་གི་ཡོད་པ་རེད་འདུག འཕྲུལ་འཁོར་དེ་རིགས་ལྷ་ཁང་གི་གཞུང་ལས་ཁང་ནས་རླངས་འཁོར་འབུལ་དུས་ཀྱི་གོང་ཚད་ལྟར་བཙོང་སྟེ་དངུལ་འབོར་ཇི་བྱུང་ལྷ་ཁང་གི་རྩིས་ཁྲའི་ནང་དུ་འཇུག་གི་ཡོད་པར་བརྗོད། དེ་བཞིན་ད་ལན་གོང་གི་ལྷ་ཁང་དེ་ཉིད་ཀྱི་འབྲེལ་ཡོད་ལས་བྱེད་པས་བརྗོད་དོན་ལྟར་ན། ཀུ་ཤུ་ཁ་པར་དེ་ཉིད་རིན་སྤར་འཚོང་སྒྱུར་བྱ་དགོས་མིན་དང་། ལྷ་ཁང་གི་གཞུང་ལས་ཁང་དུ་འཇོག་དགོས་མིན་ལྟ་གི་ཡིན་ཞེས་བརྗོད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།