ཉིན་གཅིག་ལ་དྲག་སྤྱོད་པ་38སྲོག་ཐོག་བཏང་འདུག ཨི་རག་སྲིད་གཞུང་།

0
2154
ཨི་རག་གཞུང་གིས་བདུན་སྔོན་མའི་རེས་གཟའ་སྤེན་པའི་ཉིན་དབྱི་སི་ལམ་དར་སྤེལ་དྲག་སྤྱོད་ཚོགས་པའི་དམག་འཁྲུག་དེ་ཉིད་ལས་རྣམ་པར་རྒྱལ་བའི་གསལ་བསྒྲགས་སྤེལ་ཡོད།#Prime Minister Haider al-Abadi on Saturday declared victory against IS after a three-year campaign by government forces backed by a US-led coalition to retake territory seized by the jihadists.

ཨི་རག མོ་སུལ། སྤྱི་ལོ་2017ཟླ་12ཚེས་15ཉིན། དེ་རིང་ཞོགས་པ་དབྱིན་ཡུལ་གྱི་རང་དབང་གསར་ཁང་(Independent UK)སོགས་རྒྱལ་སྤྱིའི་གསར་ཁང་ཕལ་མོ་ཆེས་གནས་ཚུལ་སྤེལ་གསལ། ཨི་རག་གཞུང་ཁྲིམས་ཞིབ་ལྷན་ཁང་ནས་དེ་རིང་གསར་འགོད་པར་བརྗོད་དོན་ལྟར་ན། མདང་དགོང་ཨི་རག་གི་ལྷོ་ཁུལ་དུ་དབྱི་སི་ལམ་དར་སྤེལ་དྲག་སྤྱོད་(ISIS)ཚོགས་མི་38སྡེབ་ལ་སྐེ་ཐག་བཀོན་སྟེ་སྲོག་ཐོག་བཏང་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག ད་ལན་གྱི་སྲོག་ཐོག་སྡེབ་གསོད་འདི་བཞིན་འདས་པའི་སྤྱི་ཟླ་9ནས་ད་བར་གྱི་སྲོག་ཐོག་སྡེབ་གསོད་ཀྱི་གྲངས་ཚད་མང་ཤོས་དེ་ཉིད་ཆགས་ཀྱི་ཡོད་འདུག

འདས་པའི་སྤྱི་ཟླ་9ཚེས་25ཉིན་ལའང་ས་གནས་དེ་གའི་བཙོན་ཁང་དེ་རང་དུ་ཁྱོན་དྲག་སྤྱོད་པ་མི་གྲངས་42སྡེབ་ལ་སྲོག་ཐོག་བཏང་བའི་གནས་ཚུལ་ཐོན་ཡོད། དྲག་སྤྱོད་པ་དེ་དག་གི་ཉེས་དོན་ཡང་འབར་རྫས་གས་གཏོར་བྱས་ཏེ་བདེ་སྲུང་མི་སྣ་བསད་པའི་ཉེས་པ་བསྒྲགས་ཡོད་པ་རེད་འདུག ད་སྐབས་གསར་ལམ་ཁག་ནས་གནས་ཚུལ་བཀོད་དོན་ལ་གཞིགས་ན་ད་ལྟའི་ཆར་ཨི་རག་གི་བཙོན་ཁང་ཁག་ཏུ་མི་གྲངས་ཁྲི་ཁྲག་དུ་མ་ལས་བརྒལ་བ་དྲག་སྤྱོད་འབྲེལ་ཡོད་གནས་ཚུལ་འོག་བཙོན་འཇུག་བྱས་ཏེ་གནས་མུས་ཡིན་པར་བརྗོད། མ་ཟད། བཙོན་ཁང་དག་གི་ཆ་རྐྱེན་ནི་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟར་ཁང་མིག་ཆུང་དུ་དེ་འདྲའི་ནང་དུ་མི་གྲངས་350ལྷག་བརྒལ་བ་བཅུག་སྟེ། མི་དེ་དག་གི་རྐང་པ་བརྐྱང་སྐུམ་ཙམ་ཡང་བྱེད་ས་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་པའི་པར་རིས་ཐོན་བཞིན་འདུག

དྲག་སྤྱོད་ཚོགས་མི་བཙོན་འཇུག་བྱ་ཡུལ་གྱི་བཙོན་ཁང་གི་རྣམ་པ་དངོས། ཉིན་དགུངདུ་བཙོན་ཁང་ནང་གི་དྲོད་ཚད་ཨང་45°ལྷག་བརྒལ་བཞིན་ཡོད་སྐོར་བརྗོད།#Tens of thousands of people are currently being held in Iraqi jails accused of affiliations with the extremist organisation.

བདུན་ཕྲག་སྔོན་མའི་ནང་དུ་ཨི་རག་གི་སྲིད་བློན་སྐུ་ཞབས་ཨཱལ་ཨ་བྷ་རྡི་(Haider al Abadi)ཡིས་གཞུང་འབྲེལ་ཐོག་ནས་གསལ་བསྒྲགས་སྤེལ་དོན།“ངེད་གཞུང་གིས་ཨ་རིའི་རྒྱབ་སྐྱོར་དང་ལྷན་སྤྱི་ལོ་2014ལོར་སེ་རི་ཡ་ནས་ང་ཚོའི་རྒྱལ་ཁབ་ནང་དུ་འཛུལ་བའི་དྲག་སྤྱོད་པ་ཡོངས་སུ་གཏོར་ཕམ་བཏང་ཟིན།”ཞེས་བརྗོད། དེ་བཞིན་ད་ལྟའི་ཨི་རག་གི་ཁྲིམས་ལུགས་ལྟར་ན་དབྱི་སི་ལམ་དར་སྤེལ་དྲག་སྤྱོད་ཚོགས་པའི་ཚོགས་མི་འཇུ་བཟུང་ཐུབ་ཕྱིན་སྲོག་ཁྲིམས་གཅོད་རྒྱུའི་གཏན་འབེབས་ཡོད་པར་གསལ་བཞིན་འདུག སྡེབ་གསོད་སྲོག་ཐོག་ཉེས་ཁྲིམས་དེའི་ཐད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་མཐུན་ཚོགས་དང་། རྒྱལ་སྤྱི་གུ་ཡངས་ཚོགས་པ་སོགས་ཀྱི་ངོས་ནས་ཨི་རག་གཞུང་ལ་ཉེན་བརྡ་དུ་མ་ཞིག་བཏང་ཡོད་ཀྱང་དམིགས་བསལ་ནུས་པ་ཅི་ཡང་ཐོན་མེད་སྐོར་བརྗོད་བཞིན་འདུག

དཀྱིལ་ཤར་ཡུལ་གྲུ་ཁག་གི་གསར་ལམ་ཁག་ནས་གསལ་བ་ལྟར་ན། ད་ལན་སྲོག་ཐོག་བཏང་བའི་དྲག་སྤྱོད་མི་སྣའི་ཁྲོད་དབྱི་སི་ལམ་དར་སྤེལ་དྲག་སྤྱོད་ཚོགས་མི་ཙམ་མིན་པར་བྷིན་ལ་ཏིན་གྱིས་བཙུགས་པའི་ཨཱལ་ཁེ་རྡའི་(Al-Qaeda)ངྲག་སྤྱོད་ཚོགས་མི་ཡང་ཡོད་པར་བརྗོད་བཞིན་འདུག བཙོན་ཁང་དེ་ཉིད་ཀྱི་དོ་དམ་པས་གསར་འགོད་པར་བརྗོད་དོན་དུ། སྲོག་ཁྲིམས་བཅད་པའི་མི་གྲངས་38ནང་ནས་མི་གྲངས་37ཡོངས་སུ་ཨི་རག་གི་མི་སེར་ཡིན་པ་དང་། མི་གཅིག་ཡོ་རོབ་སེའུ་གྲན་(Sweden)ནས་ཡིན་པར་བརྗོད། ཨི་རག་གཞུང་གིས་སྐབས་དོན་དྲག་སྤྱོད་དམག་འཁྲུག་ལོ་གསུམ་རིང་བརྒྱབས་ཡོད་པ་དང་། བདུན་སྔོན་མའི་རེས་གཟའ་སྤེན་པའི་ཉིན་དམག་འཁྲུག་དེ་ཉིད་ལས་རྣམ་པར་རྒྱལ་བའི་གསལ་བསྒྲགས་སྤེལ་ཡོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང།