ཉི་ཧོང་དང་བྱང་ཀོ་རི་ཡ་གཉིས་ཞི་གྲོས་ཡོང་དགོས་ཟེར། ལྷོ་བྱང་ཀོ་རི་ཡ།

0
1202
ད་ལྟའི་ཆར་ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་བརྒྱུད་ཨ་རྒྱ་གཉིས་གཙོས་རྒྱལ་ཁབ་དུ་མ་ཞིག་ལ་ཕུགས་བསམ་གསར་པ་འཛུགས་རྒྱུའི་གནས་བབ་ཏུ་བསྐྱལ་ཡོད།#“In particular, I think dialogue between Japan and North Korea should be resumed,” Moon said in the interview with the Yomiuri newspaper.

ལྷོ་ཀོ་རི་ཡ། སི་ཝོལ། སྤྱི་ལོ་2018ཟླ་5ཚེས་8ཉིན། ད་ལྟ་ཆུ་ཚོད་གཅིག་གི་སྔོན་དུ་རྒྱ་གར་གྱི་དཔལ་འབྱོར་མྱུར་འཕྲིན་(Financial Express)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་གྱིས་དེ་རིང་ཞོགས་པ་ཉི་ཧོང་གི་གསར་འགོད་པ་འགའ་བརྒྱུད་རེ་ཞུའི་ནན་བརྗོད་བྱས་དོན།“ཉི་ཧོང་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་བར་དུ་ངེས་པར་ཞི་གྲོས་ཡོང་ཐབས་བྱས་ཏེ་ཀོ་རི་ཡའི་མཚོ་ཁུལ་དུ་ཞི་བདེ་རྒྱུན་གནས་ཡོང་བ་བྱ་རྒྱུ་དང་། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་བར་དུ་འཁྲུག་རྩོད་ཞི་འཇགས་དང་བཟང་ཕྱོགས་ཀྱི་འབྲེལ་ལམ་སྲ་བརྟན་ཡོང་རྒྱུར་འབད་ཐུབ་ན་གང་ལེགས་ཡོང་བ་འདུག”ཅེས་བརྗོད་འདུག ད་དུང་ཁོང་གིས་མུ་མཐུད་བརྗོད་དོན།“རྒྱལ་ཁབ་གཉིས་པོས་ཀོ་རི་ཡའི་མཚོ་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་ལ་ཤུགས་སྣོན་དང་བརྩེ་སེམས་གནང་ཐུབ་ན་ཡག་པོ་འདུག”ཅེས་བརྗོད།

དེ་མཚུངས་ཉི་ཧོང་གི་ཡོ་མེའུ་རི་གསར་ཁང་(Yomiuri Newspaper)གིས་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་གྱིས་ཉི་ཧོང་དང་བྱང་ཀོ་རི་ཡའི་གནད་དོན་ཐད་ནན་བརྗོད་བྱས་དོན།“གལ་སྲིད་ཉི་ཧོང་དང་བྱང་ཀོ་རི་ཡའི་འབྲེལ་ལམ་ཞི་འགྲིགས་ཡོང་ཐུབ་ན། ཀོ་རི་ཡའི་མཚོ་ཁུལ་གྱི་གནད་དོན་ཙམ་མིན་པར་ཨེ་ཤི་ཡའི་བྱང་ཤར་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ཐད་རླབས་ཆེན་གྱི་མཛད་རྗེས་སུ་འགྱུར་རྒྱུ་རེད། དེའི་ཕྱིར་ངེས་པར་དུ་རྒྱལ་ཁབ་གཉིས་ཀྱི་བར་དུ་ཞི་གྲོས་བསྐྱར་དུ་འགོ་འཛུགས་ཐུབ་པ་དགོས་ཀྱི་འདུག”ཅེས་བརྗོད། གནས་ཚུལ་དེའི་ཐད་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་གསར་ཁང་ཁག་གི་ཡིག་ཐོག་དྲི་བ་དུ་མ་ཞིག་ལའང་ཡིག་ཐོག་ནས་ལན་འདེབས་བྱས་ཡོད་སྐོར་བརྗོད་བཞིན་འདུག

སྤྱི་ལོ་2018ཟླ་4ཚེས་27ཉིན་གྱི་ལོ་རྒྱུས་རང་བཞིན་ཅན་གྱི་ལྷོ་བྱང་ཀོ་རི་ཡའི་དབུ་ཁྲིད་ས་མཚམས་སུ་ཐུག་འཕྲད།#North Korea’s leader Kim Jong-un has offered to visit the official residence of the South Korean president in Seoul as the two men wrapped up the morning session of the historic summit between the two countries’ leaders aimed at bringing peace to the Korean peninsula.

རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ཟླ་སྔོན་མའི་ནང་ལྷོ་ཀོ་རི་ཡ་དང་བྱང་ཀོ་རི་ཡའི་བར་དུ་ཞི་གྲོས་ལམ་ལྷོངས་བྱུང་སྟེ། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་དང་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱི་བར་དུ་འབྱུང་འགྱུར་རྒྱལ་ཁབ་གཉིས་ཀས་རྡུལ་མཚོན་གཙང་སེལ་བྱ་རྒྱུའི་ཕྱོགས་སུ་འབད་འབུངས་བྱ་རྒྱུའི་གྲོས་མཐུན་བྱུང་ཞིང་། སྐབས་དེར་ཀིམ་ཇུང་ཨུན་གྱིས་ཀྱང་ཉི་ཧོང་དང་འབྲེལ་ཡོད་གནད་དོན་ཐད་གསལ་བརྗོད་བྱས་དོན།“ང་རང་ཉི་ཧོང་དང་ལྷན་དུ་སྐད་ཆ་ཤོད་རྒྱུའི་གྲ་སྒྲིག་ཨང་གསར་ཡིན།”ཞེས་བརྗོད་ཡོད། དོན་དངོས་ཐོག་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་བའི་རྗེས་སུ་བྱང་ཀོ་རི་ཡའི་རྡུལ་མཚོན་ནི་ཉི་ཧོང་གི་བདེ་འཇགས་ཐད་ཆེས་ཉེན་ཚབ་ཆེ་ཤོས་ཀྱི་གནད་དོན་དེ་ཉིད་ཆགས་ཀྱི་ཡོད།

དཔྱད་ཞིབ་པ་ཚོས་བརྗོད་དོན་ལྟར་ན་ཉེ་སྔོན་ཀིམ་ཇུང་ཨུན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཐུག་འཕྲད་བྱས་པ་ནི། ཀིམ་ལ་ལྷོ་ཀོ་རི་ཡ་དང་ཨ་རི་ལྷན་དུ་གྲོས་མོལ་བྱ་རྒྱུའི་བློ་སྟོབས་ཀྱི་རྒྱབ་རྟེན་སྤྲད་པར་བརྗོད་ཅིང་། འབྱུང་འགྱུར་བདུན་ཕྲག་འགའ་རེའི་ནང་ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ངོ་གཏུག་གྲོས་མོལ་སྐབས་སུའང་གོ་བབ་སྲ་བརྟན་ཞིག་སྤྲད་ཡོད་པར་བརྗོད་བཞིན་འདུག ད་དུང་། ཉིན་ཤས་སྔོན་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཅིག་ཆེད་དུ་རྒྱ་ནག་ལ་བསྐྱོད་ཡོད་པའི་གནས་ཚུལ་རིམ་པས་ཐོན་བཞིན་འདུག་ལ་གནད་དོན་དེའི་ཐད་དཔྱད་ཞིབ་པ་འདྲ་མིན་གྱིས་བསམ་ཚུལ་དང་ཚོད་རྩིས་ཀྱང་འདྲ་མིན་སྤེལ་བཞིན་འདུག གསར་ལམ་ཁག་ནས་བརྗོད་གསལ་ལྟར་ན་རྒྱ་ནག་ལ་བསྐྱོད་མཁན་གྱི་བྱང་ཀོ་རི་ཡའི་སྐུ་ཚབ་དེ་ཉིད་སུ་ཞིག་ཡིན་མིན་གསལ་ཁ་བྱུང་ཐུབ་མེད་མོད། དེ་ཉིན་བྱང་ཀོ་རི་ཡའི་སྐུ་ཚབ་དེ་ཉིད་སྒེར་སྤྱོད་གནམ་གྲུ་བརྒྱུད་རྒྱ་ནག་ལ་འབྱོར་ཡོད་པ་དང་། གནམ་ཐང་ལ་སྐུ་སྲུང་བསམ་ཡུལ་ལས་འདས་པ་གྲ་སྒྲིག་བྱས་ཡོད་སྐོར་འགྲེལ་བརྗོད་བྱེད་བཞིན་འདུག ཚོད་རྩིས་ལྟར་ན་ཀིམ་དང་ཀྲམ་ཧྥི་ཡི་ཐུག་འཕྲད་ཟིན་ལ་ཉེ་བས་གནད་དོན་དེའི་ཐད་བྱང་ཀོ་རི་ཡ་དང་རྒྱ་ནག་གཉིས་གྲོས་བསྡུར་བྱེད་བཞིན་ཡོད་སྐོར་གླེང་བཞིན་མཆིས།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ།ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོོད་ཀྱི་དེ་ཕོ་གསར་ཁང་།