ངོ་དེབ་ཐོག་རང་ཤིའི་སློབ་ཁྲིད་ཐད་གཏོང་། ཐོག་རྩེག་19ཐོག་ནས་མཆོངས་པ།

0
96

རྒྱ་གར། མོམ་བྷེ། སྤྱི་ལོ་2017ཟླ་4ཚེས་4ཉིན། ད་ལྟ་ཆུ་ཚོད་གཉིས་ཀྱི་སྔོན་དུ་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་NDTVཡིས་གནས་ཚུལ་སྤེལ་གསལ། རྒྱ་གར་གྱི་ཚོང་ལས་ལྟེ་གནས་གྲོང་ཁྱེར་མོམ་བྷེ་རུ་ཆེད་ལས་འཆར་འགོད་པའི་སློབ་སྦྱོང་བྱེད་བཞིན་པའི་གཞོན་སྐྱེས་རང་ལོ་24སོན་པ། མིང་ལ་ཨར་ཇུན་ (Arjun Bhardway)ཞེས་པ་ཞིག་གིས་མདང་དགོང་མཚན་དཀྱིལ་དུ་མགྲོན་ཁང་གི་ཐོག་རྩེག་19སྒེའི་ཁུང་ནས་མཆོངས་ཏེ་རང་ཤི་བརྒྱབས་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་རང་ཤི་མ་བརྒྱབས་པའི་སྔོན་དུ་ཁོ་པས་སྤྱི་ཚོགས་དྲ་གནས་ངོ་དེབ་ཐོག་ཐད་གཏོང་བརྙན་པར་བརྒྱུད་རང་ཤི་དང་འབྲེལ་ཡོད་སྐད་ཆ་མང་པོ་ཞིག་བཤད་ཡོད་པའི་གནས་ཚུལ་བརྗོད།

སློབ་ཕྲུག་ན་གཞོན་དེས་ཁ་སང་རང་ཉིད་ཀྱི་གུང་གསེང་དང་སྟབས་བསྟུན་གྲོང་ཁྱེར་དེ་གའི་གསོལ་མགྲོན་ཁང་གྲགས་ཅན་ཏཱ་ཇི་(Taj Lands End)ཞེས་པའི་ཐོག་རྩེག་བཅུ་དགུའི་ཐོག་ཁང་པ་ཞིག་གླས་ཡོད་པ་རེད་འདུག དེ་རྗེས་ཁོ་པས་ངོ་དེབ་ཐོག་ཐད་གཏོང་བརྙན་པར་བརྒྱུད་རང་ཤི་རྒྱག་སྟངས་སྐོར་སློབ་ཁྲིད་བྱ་རྒྱུ་ཡིན་ཞེས། “རིམ་པ་དང་པོ། འབྲེལ་ཡོད་ནང་མིར་ཁ་ཆེམས་འབྲི་དགོས། རིམ་པ་གཉིས་པ། ར་བཟི་དགོས། རིམ་པ་གསུམ་པ། ཡུལ་ལྗོངས་རྣམས་ལ་དགའ་བ་སྒོམས་དགོས། རིམ་པ་བཞི་པ། ཨི་ཀྲ་ལིའི་ཐུག་པ་པ་སི་ཏཱ་ཟ་དགོས།” ཞེས་ཐད་གཏོང་བརྙན་པར་བརྒྱུད་ཡོངས་གྲགས་བྱས་ཡོད་པ་རེད་འདུག

མགྲོན་ཁང་གི་ཅོག་ཙེའི་སྟེང་དུ་ཡོད་པའི་ཁོ་པའི་ཁ་ཆེམས་ཡི་གེ། #Mumbai.India

དུས་ཡུན་ཁྱོན་སྐར་མ་གཅིག་དང་སྐར་ཆ་བཞི་བཅུ་ཡོད་པའི་བརྙན་པར་དེའི་མཐའ་མཇུག་གི་རྣམ་པ་ནི། ཁོ་པས་ཁྲུས་གོས་ཤིག་གྱོན་ཡོད་པ་དང་། ལག་གཡས་ལ་བཟུང་བའི་ཐ་མག་འཐེན་(དུ་བ་)གྱིན། ལག་གཡོན་དུ་རྒུན་ཆང་ཤེལ་དམ་གང་བཟུང་ནས་བརྗོད་དོན། “ཁྱེད་རྣམས་ཕྱོགས་གཞན་ཞིག་ནས་མཇལ་ཡོང་།” ཞེས་བརྗོད་ཡོད་པ་དེ་རེད། སྤྱིར་ཐོག་རྩེག་ཁང་ཆེན་གྱི་མགྲོན་ཁང་དེ་ཉིད་ཀྱི་སྒེའུ་ཁུང་གི་ཤེལ་སྒོ་ཉིས་རྩེག་དང་། ངེས་བརྟན་མེད་པའི་འགྲུལ་པའི་བདེ་འཇགས་ལ་གཟབ་ནན་ཅན་ཞིག་ཡོད་མོད། ཁོ་པས་རྐུབ་སྟེགས་ཀྱིས་ཤེལ་སྒོ་བཅག་སྟེ་མཐར་ཐོག་རྩེག་བཅུ་དགུའི་ཐོག་ནས་མཆོངས་ཏེ་རང་ཤི་བརྒྱབས་ཡོད་པ་རེད་འདུག

ཉེན་རྟོག་པས་ཁོ་པའི་མགྲོན་ཁང་ནང་ཁ་ཆེམས་ཡི་གེ་གང་སར་གཏོར་ནས་བཞག་ཡོད་པ་རྙེད་སོན་བྱུང་བར་བརྗོད་ཅིང་། དེ་ལྟར་ཁོ་པའི་ཁེ་ཆེམས་ནང་དུ་བཀོད་དོན། “ང་རང་ཉལ་ཐར་(དུག་རྫས་)ངན་ལོབ་ཤོར་ཟིན། ད་ང་རང་མུ་མཐུད་གསོན་འདོད་མི་འདུག དེར་བརྟེན་ངས་རང་ཤི་རྒྱག་གི་ཡོད། ཕ་མ་གཉིས་དགོངས་པ་མ་ཚོམས་རོགས། ང་རང་དུས་ཡུན་ཧ་ཅང་རིང་པོ་ཞིག་ནས་བློ་སེམས་ཧ་ཅང་གུ་དོག་ཏུ་གྱུར་ནས་ལུས་སོང་།”ཞེས་བཀོད་ཡོད་པ་རེད་འདུག

སློབ་མ་དེའི་པ་ལགས་ནི་རྒྱ་གར་གྱི་གྲོང་ཁྱེར་བྷེང་ལོར་དུ་རྟེན་གཞི་བྱས་པའི་ཚོང་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་ཁོ་རང་ཧ་ཅང་བློ་ཕམ་བྱེད་བཞིན་འདུག་ཅེས་འབྲེལ་ཡོད་ཉེན་རྟོག་པས་བརྗོད། མ་ཟད། ཕ་བུ་གཉིས་ཉིན་འགའི་སྔོན་དུ་ཐུག་འཕྲད་བྱས་ཟིན་མ་ཐག་ཡིན་པའི་གནས་ཚུལ་བརྗོད་བཞིན་འདུག ད་སྐབས་རང་ཤིའི་དོན་རྐྱེན་ལྷག་ཡུལ་ཏཱ་ཇི་གསོལ་མགྲོན་ཁང་དང་། མོམ་བྷེ་ཉེན་རྟོག་ལྷན་ཁང་གཉིས་ཀས་དོན་རྐྱེན་དངོས་ཀྱི་འབྱུང་རྩ་གང་ཡིན་སོགས་ཀྱི་ཐད་རྟོག་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་བརྗོད།

རྒྱ་གར་གྱི་མངའ་སྡེ་ཁག་གི་ནང་དུ་ཉལ་ཐའི་དོན་རྐྱེན་འོག་རང་ཤིའི་བརྒྱ་ཆ་ཟིན་ཚད། སྤྱི་ལོ་2014ཁོ་ནའི་ནང་དུ་རྒྱ་གར་ནང་ཉལ་ཐའི་གནད་དོན་འོག་མི་གྲངས་3647རང་ཤི་བརྒྱབས་འདུག

གནས་ཚུལ་འདི་བརྒྱུད་ནས་ང་ཚོ་བོད་རིགས་སྤྱི་ཚོགས་ནང་དུའང་ཉལ་ཐར་ངན་ལོབ་ཤོར་བའི་གཞོན་སྐྱེས་དུ་མ་ཞིག་གི་མེ་ཚེའི་གནད་དོན་ཟུར་མཚོན་བྱས་ཡོད་པའང་བརྗེད་མི་ཉན་པ་ཞིག་ཆགས་ཀྱི་ཡོད། དེས་ན་ཕ་མ་གཉེན་ཉེ་ཚོས་རང་ཉིད་ཀྱི་བུ་ཚར་འགྲོ་སོང་གཏོང་ཚད་ཀྱི་ཐད་གཟབ་ནན་བྱེད་རྒྱུ་དང་། དེ་བས་ཁོང་ཅག་གྲོགས་གྲོགས་མོ་སུ་འདྲ་ཞིག་དང་འགྲོག་བཞིན་ཡོད་མིན། ས་ཁུལ་ཅི་འདྲར་འཁྱམ་མྱུལ་བྱེད་མིན། རྒྱུན་དུ་ཕ་མ་གཉེན་ཉེའི་འགྲམ་དུ་སྡོད་སྐབས་ཀྱི་སྤྱོད་ཚུལ་སོགས་ལ་ངེས་པར་དུ་དོ་སྣང་བྱེད་དགོས། དེ་ལྟར་ཕྱོགས་གཅིག་ནས་ཆུ་མ་ཤོར་གོང་ནས་རགས་དང་། རྐྱེན་མ་ཡོང་གོང་ནས་ཟློག་པ་ཞེས་པའི་དཔེ་ལྟར་གཟབ་ནན་བྱེད་དགོས་ཤིང་། ཕྱོགས་གཞན་ནས་སེམས་སྐྱོ་བ་ཞིག་ལ་གོང་གི་གསར་འགྱུར་དེ་ཉིད་ཀྱི་དཔེ་བཞིན་རང་རེའི་མི་འབོར་ཉུང་བའི་མི་རིགས་འདིའི་ཟུར་ཞིག་ཉལ་ཐའི་འོག་ནས་རུལ་གྱིན་པའང་ཚོར་དགོས་ཀྱི་ཡོད། དེ་ལྟར་ཉལ་ཐར་ལོབ་ཟིན་པ་རྣམས་སྤྱི་ཚོགས་ཀྱི་བདེ་དོན་ཚོགས་པ་ཁག་གི་སྨན་བཅོས་མཐུན་རྐྱེན་འོག་སྐྱོབ་རྒྱུ་དང་། གོམ་པ་གསར་པ་སྤོ་བཞིན་པ་རྣམས་འགོག་དགོས་པ་ནི་ཕ་མ་གཉེན་ཉེ་དང་སློབ་གྲྭ་ཁག་གི་དགེ་ལས་འཛིན་སྐྱོང་གི་ལས་འགན་ཡིན།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

 བོད་ཀྱི་དེ་ཕོ་གསར་ཁང་།