ང་ཚོའི་སྐོར།

(བོད་ཀྱི་དེ་ཕོའི་གསར་ཁང་འདི་བཞིན་སྤྱི་ལོ་༢༠༡༦ཟླ་༡༢ཚེས་༡༣ཉིན་དངོས་སུ་ཤར་གཏོང་བྱས།)

ཆ་འཕྲིན་དུས་རབས་གོང་འཕེལ་ཧ་ཅང་འགྲོ་གིན་ངེད་བོད་པ་ཚང་གི་སྤྱི་ཚོགས་ཀྱང་རིམ་པས་དེའི་བགྲོད་དང་བསྟུན་ནས་བསྐྱོད་དགོས་པ་ནི་ལྡོག་ཐབས་མེད། འདིར་སྔར་ནས་ད་བར་ངེད་སྤྱི་ཚོགས་སུ་གསར་འགྱུར་གྱི་ལས་རིགས་གཉེར་མཁན་དག་ལ་དུས་ཀུན་ཏུ་སྙིང་དབུས་ནས་བཀའ་དྲིན་ཞུ་གིན་ཡོད། དེ་ནི་སྤྱི་ཚོགས་ཤིག་རྒྱལ་སྤྱིའི་བགྲོད་དང་མཐུན་པའམ་རྗེས་ཟིན་པར་བསྐྱོད་རྒྱུའི་མེད་ཐབས་མེད་པའི་སྤྱི་ཚོགས་ཞབས་ཞུའི་ཆ་རྐྱེན་ཆེས་གལ་ཆེ་ཤོས་ཤིག་རེད། དེ་བས་ཤེས་ཡོན་སྡེ་ཚན་གྱི་ཐད་ནས་བརྗོད་ན་རྒྱལ་སྤྱིའི་ནང་གསར་འགྱུར་ལས་རིགས་ཀྱིས་ཆེས་མཐོའི་གོ་བབ་འཛིན་བཞིན་པ་ནི་དེའི་བྱེད་ལས་ཀྱི་ནུས་པའི་རིན་ཐང་ཕྱོགས་ཡོངས་ནས་རྟོགས་པའི་རྒྱུ་རྐྱེན་དུ་བྱས་ཡོད།

འདིར་ངེད་སློབ་ཐོན་སློབ་མ་ཞིག་གིས་འདས་པའི་མི་ལོ་མང་པོའི་རིང་ནས་རང་རེའི་སྤྱི་ཚོགས་ལ་ལེགས་སྐྱེས་ཤིག་ཕུལ་འདོད་ཡོད་པའི་དམིགས་ཡུལ་མངོན་དུ་གྱུར་ཏེ་ལས་རིགས་མང་པོའི་ཁྲོད་ཀྱི་གདམས་ཀ་ཆེས་གལ་ཆེ་ཤོས་དེ་བཟུང་ནས་ངེད་སྤྱི་ཚོགས་ལ་རྒྱལ་སྤྱི་དང་། མདུན་བསྐྱོད་ལ་ཕྱོགས་པའི་སྒེའུ་ཁུང་གསར་པ་ཞིག་ཕྱེ་ཐུབ་པ་བྱ་རྒྱུའི་དམ་བཅའ་བརྟན་པོ་བཞག་ཡོད། དེ་ནི་བོད་ཀྱི་དེ་ཕོ་རྒྱལ་སྤྱིར་ཤར་གཏོང་བྱས་ཡོད་པ་དེ་ཡིན།

ངེད་དྲ་བའི་ལས་འགན་ནི་བོད་ཕྱི་ནང་ཀུན་ཏུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་དུས་ཐོག་ཏུ་རྒྱལ་སྤྱིའི་གསར་འགྱུར་དང་གལ་ཆེའི་གནད་དོན་རྣམས་དུས་ཐོག་ཏུ་བོད་ཡིག་ནང་འབུལ་རྒྱུ་དང་། རྒྱལ་སྤྱིའི་གནས་ཚུལ་ནང་ངེད་སྐད་ཡིག་གི་སྤྱོད་སྒོ་གོང་འཕེལ་གཏོང་རྒྱུ། དེ་བཞིན་སྤྱི་ཚོགས་ཁྱོན་ཡོངས་ཀྱི་མདུན་ལམ་གྱི་དམིགས་ཚད་གོང་འཕེལ་དང་རྒྱལ་སྤྱིའི་གནད་དོན་གྱི་ཐད་གོ་རྟོགས་ཆེར་སྐྱེད་གཏོང་རྒྱུར་འབད་འབུངས་བྱ་རྒྱུ་དེ་ཡིན། དེ་ནི་ང་ཚོ་བོད་ཀྱི་གནའ་དཔེར་ཟས་ཆུང་ཡང་བགོ་ཤ་ཡོད་ཅེས་པ་ལྟར་རང་ཉིད་ཀྱིས་གང་ཤེས་གང་ཐོས་ངེད་སྤྱི་ཚོགས་སུ་བགོ་འགྲེམས་བྱ་རྒྱུའི་ཞབས་ཞུའི་སྟེགས་བུ་གལ་ཆེན་ཞིག་ཡིན།

སླད་མར་མུ་མཐུད་ངེད་དྲ་བས་བོད་ཀྱི་སྤྱི་ཚོགས་ནང་ཤེས་ཡོན་དང་ཚོང་ལས་གོང་འཕེལ་གྱི་ལས་གཞི་གྲུབ་རྒྱུའི་འཆར་གཞི་ཡོད་ཅིང་། ངེད་དྲ་བའི་དམིགས་ས་གཙོ་བོ་ནི་བོད་ཀྱི་ཤེས་ཡོན་དང་བོད་ཀྱི་དཔལ་འབྱོར་གྱི་གནས་བབ་གོང་མཐོར་གཏོང་རྒྱུའི་ཆ་ཤས་གལ་ཆེན་ཞིག་འཛིན་ཐུབ་པ་བྱ་རྒྱུའི་ཆོད་སེམས་བཞག་ཡོད། བཀྲ་ཤིས་བདེ་ལེགས།