གསལ་བསྒྲགས་དེ་ཉིད་ཡོངས་ཁྱབ་གསལ་བསྒྲགས་མ་རེད།-གསལ་བཤད།

0
167

འབྲེལ་ཡོད་བོད་ཀྱི་དེ་ཕོའི་ཀློག་པ་པོ་དུ་མ་ཞིག་གིས་རྒྱ་གར་དངུལ་ལོའི་གསར་བརྗེ་དང་འབྲེལ་ཡོད་གནས་ཚུལ་ཞིག་ཁ་སང་དེ་རིང་སྐད་ཆ་དྲིས་མཁན་ཧ་ཅང་མང་པོ་བྱུང་། འཁྲུག་གཞི་འདི་ནི་ཐོག་མར་ཡིག་སྒྱུར་གནང་མཁན་དེས་གནས་ཚུལ་གྱི་འགོ་བརྗོད་གཅིག་པུ་བསྒྱུར་ནས་བརྒྱུད་བསྐུར་གནང་འདུག་པས་ཚང་མས་བདེན་པར་སེམས་བཞིན་འདུག ནོར་འཁྲུལ་ཅན་གྱི་གསལ་བསྒྲགས་དེས་རྐྱེན་པས་མི་དུ་མ་ཞིག་གིས་དངུལ་རྙིང་ལག་ཏུ་ལུས་ཡོད་པ་རྣམས་ཟླ་འདིའི་ཚེས་31བར་དངུལ་ཁང་ཅི་འདྲ་ཞིག་ལ་སོང་ནས་བརྗེས་ཆོག་པར་འདོད་བཞིན་འདུག

གནས་ཚུལ་དངོས་ནི་ཉེ་བའི་རྒྱ་གར་གྱི་དངུལ་ལོའི་གསར་བརྗེ་བརྒྱུད་རྒྱ་གར་ནང་སྡོད་དངུལ་རྙིང་བསྡུ་མཚམས་ཁྱོན་ཡོངས་སྔ་ས་ནས་མཚམས་འཇོག་(2016/12/30)བྱས་ཟིན་ཞིང་། ལྷག་ལུས་དངུལ་འབོར་ཁྱོན་ཆེན་ཉར་ཏེ་མགོ་བཏགས་མ་ཞུས་པ་རྣམས་ལ་གོ་སྐབས་ཅུང་ཙམ་སྤྲད་ཡོད། མ་ཟད། དེ་རྗེས་ཀྱི་དངུལ་རྙིང་ཡོད་ཚད་རྒྱ་གར་གཞུང་དངུལ་དཔར་དངུལ་ཁང་(RBI)བརྒྱུད་ནས་བརྗེ་དགོས་པ་ལས་དངུལ་ཁང་གཞན་སུ་ལའང་དབང་ཆ་མེད་པ་རེད།

དེ་རིང་གི་གསལ་བསྒྲགས་དེ་ནི་འདས་པའི་སྤྱི་ལོ་2016ཟླ་12ཚེས་30སྔོན་ཆད་རྒྱ་གར་ནང་དུ་འབྱོར་ཐུབ་མེད་པའི་རྒྱ་གར་བ་དག་ལ་ཆེད་དུ་དམིགས་པ་ཞིག་ཡིན་ཞིང་། དེ་ཡང་ངོས་ལེན་ཡོད་པའི་ཕྱིར་ལོག་ཡོང་ཁུངས་རྒྱལ་ཁབ་ཁག་ནི་བལ་ཡུལ། འབྲུག པག་ཀི་སི་ཐན། བྷང་ལ་རྡི་ཤི་བཅས་རེད་འདུག དོན་དངོས་ནི་རྒྱལ་ཁབ་དེ་དག་ནས་ཡོང་བའི་རྒྱ་གར་བ་རྣམས་ལ་ལག་ཡོད་དངུལ་རྙིང་ཕྱིར་སྤྲོད་བྱ་རྒྱུའི་གོ་སྐབས་མཐའ་མ་དེ་ཉིད་སྤྲད་པའི་གནས་ཚུལ་ཞིག་རེད། གོོ་སྐབས་དེ་ནི་རྒྱ་གར་ནང་སྡོད་རྒྱ་གར་བར་སྤྲད་པ་ཞིག་དང་། གལ་སྲིད་ཕྱི་སྡོད་རྒྱ་གར་བ་(NRI)ཡིན་ཚེ་གོ་སྐབས་མཐའ་མ་དེ་བཞིན་སྤྱི་ལོ་2017ཟླ་6ཚེས་30བར་དུ་ཡོད་པ་རེད།

བོད་ཀྱི་དེ་ཕོ་གསར་ཁང་།