གཟའ་མཇུག་རྒྱལ་སྤྱིའི་གསར་འགྱུར་ཕྱོགས་བསྡུས།

0
1448

བོད་ཀྱི་དེ་ཕོའི་མྱུར་འཕྲིན།
སྤྱི་ལོ་2018ཟླ་4ཚེས་10ཉིན།

རྫས་འགྱུར་འབར་རྫས། མི་སེར་70དམར་གསོད།

ཡིད་སྐྱོ་དགོས་པའི་དོན་རྐྱེན་ཁྲོད་ཁྱོན་ཉེས་མེད་ཀྱི་མི་སེར་70དམར་གསོད་ཕྱིན་ཡོད་འདུག#Children receive medical treatment after a suspected chemical attack in Douma. CREDIT: Anadolu Agency/Getty Images

སེ་རི་ཡ། བདུན་སྔོན་མའི་རེས་གཟའ་སྤེན་པའི་ཉིན་སེ་རི་ཡའི་གྲོང་ཁྱེར་གྷོའུ་ཏཱའི་(Ghouta)ཤར་ཁུལ་དུ་མཁའ་དམག་གནམ་གྲུ་ཞིག་གིས་མེ་སེར་གྱི་ཐོག་ཏུ་རྫས་འགྱུར་འབར་རྫས་འཕངས་ཡོད་པའི་གནས་ཚུལ་ཐོན་ཞིང་། ཡིད་སྐྱོ་དགོས་པའི་དོན་རྐྱེན་ཁྲོད་ཁྱོན་ཉེས་མེད་ཀྱི་མི་སེར་70དམར་གསོད་ཕྱིན་ཡོད་འདུག ད་ལྟའི་ཆར་དུག་རྫས་ཤུགས་ཆེན་ལྡན་པའི་རྫས་འགྱུར་འབར་གས་ཀྱི་དྲག་རྒོལ་དེ་ཉིད་སེ་རི་ཡའི་གཞུང་དམག་གིས་སྤེལ་ཚུལ་བརྗོད་བཞིན་ཡོད་མོད། སེ་རི་ཡའི་གཞུང་ཕྱོགས་ནས་དྲག་རྒོལ་དེ་ཉིད་ཨུ་རུ་སུས་སྤེལ་སྐོར་བརྗོད་བཞིན་འདུག དྲག་རྒོལ་དེ་ཉིད་བྱུང་རྗེས་དེ་ཁུལ་ཞ་མོ་དཀར་པོ་རོགས་སྐྱོར་ཚོགས་པས་སྤྱི་ཚོགས་དྲ་གནས་ཀྲུ་ཀྲར་བརྒྱུད་མི་ཤིའི་གྲངས་ཚད་150ཟིན་ཡོད་ཚུལ་བཀོད་འདུག་མོད། ཕྱིས་སུ་གནས་ཚུལ་དེ་ཉིད་བསུབས་ཡོད་པའི་གནས་ཚུལ་མཆིས། ད་སྐབས་ཨ་རིའི་གཞུང་ཕྱོགས་ནས་སེ་རི་ཡ་དང་ཨུ་རུ་སུ་གཉིས་ཀར་གནས་ཚུལ་དེ་ཉིད་ཀྱི་འགན་འཁྲི་ཡོད་སྐོར་སྐྱོན་འཛུགས་བྱེད་བཞིན་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་སེ་རི་ཡའི་སྲིད་འཛིན་ཨ་ས་ཏིར་(Assad)དུད་འགྲོ་རེད་ཅེས་བརྗོད་འདུག

རྒྱ་ནག་གིས་ཆར་འབེབ་ཤུགས་ཆེན་བྱེད་འཆར།

སྤྲིན་པ་རྫུན་བཟོ་དང་མི་བཟོས་ཆར་པའི་བརྒྱུད་རིམ་དཔེ་རིས།#China has unveiled a cloud-seeding project intended to force rainfall and snow over an area roughly three times the size of Spain.

རྒྱ་ནག བདུན་འདིའི་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་ཕྱོགས་ནས་གསལ་བསྒྲགས་སྤེལ་དོན་ལྟར་ན། འདི་ལོར་རྒྱ་ནག་གིས་ས་ཁྱོན་ཆེ་ཚད་སེ་པན་(Spain/西班牙)རྒྱལ་ཁབ་ལྡབ་གསུམ་ལྷག་ལ་ཆར་འབེབ་བྱ་འཆར་ཡོད་སྐོར་བརྗོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གཞུང་ཕྱོགས་ནས་བརྗོད་དོན་ལྟར་ན་ཆར་འབེབ་དེ་ཉིད་ཀྱི་ལས་གཞི་བསྒྲུབ་ཆེད་སྔོན་ལ་སྤྲིན་པ་རྫུན་མ་བཟོ་དགོས་ཀྱི་ཡོད་པ་དང་། དེའི་ཕྱིར་དང་ཐོག་ནམ་མཁའ་ལ་དངུལ་ཚའི་(silver iodide)རྫས་འགྱུར་གཏོར་དགོས་ཀྱི་ཡོད། དེ་རྗེས་ས་ཐོག་ནས་ནག་སྣུམ་བསྲེགས་པའི་དུ་བ་གཏོང་དགོས་ཀྱི་ཡོད་པ་རེད་ཅེས་བརྗོད། སྤྱིར་སྤྱི་ལོ་2013ནས་རྒྱ་ནག་ནང་ལོ་ལྟར་མི་བཟོས་ཆར་པ་ཁྱོན་ཊོན་(ton)ཐེར་འབུམ་55རེ་འབེབ་བཞིན་ཡོད་པ་རེད་འདུག

ཨུ་རུ་སུ་ནི་ནམ་ཡང་ང་ཚོའི་གྲོགས་པོར་འགྱུར་ཐབས་མེད།

ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ལྕམ་སྐུ་ནེ་ཁི་ཧེ་ལི།#Haley said the US will “slap” Russia if needed.

ཨ་རི། བདུན་སྔོན་མའི་རེས་གཟའ་སྤེན་པའི་ཉིན་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ལྕམ་སྐུ་ནེ་ཁི་ཧེ་ལི་(Nikki Haley)ཡིས་ཨ་ཨུ་གཉིས་ཀྱི་འབྲེལ་ལམ་ཐད་ནན་བརྗོད་བྱས་དོན།“ཨུ་རུ་སུ་ནི་ནམ་ཡང་ང་ཚོ་ཨ་རིའི་གྲོགས་པོར་འགྱུར་མི་སྲིད་པ་རེད། ཕྱོགས་གཉིས་ཀྱི་འབྲེལ་ལམ་གནད་དོན་ཡོད་ཚད་ཨུ་རུ་སུའི་བྱེད་ལས་ལ་རགས་ལུས་པ་རེད། གལ་སྲིད་ཨ་རིས་ཨུ་རུ་སུར་འགྲམ་ལྕག་གཞུ་དགོས་འབྱུང་ན་གཞུ་ངེས་ཅན་ཡིན།”ཞེས་བརྗོད་འདུག དེ་བཞིན་ཁོ་མོས་མུ་མཐུད་བརྗོད་དོན་དུ། སྲིད་འཛིན་ཀྲམ་ཧྥི་ཡིས་ཨུ་རུ་སུར་ཁ་གཏད་གཅོག་རྒྱུའི་ཐད་འདས་པའི་སྲིད་འཛིན་ཟུར་པ་རོ་ནཱལ་ཇི་གྷན་(Ronald Reagan)ནས་བཟུང་ད་བར་སྲིད་འཛིན་ངར་ཤོས་ཤིག་ཆགས་ཀྱི་ཡོད་ཅེས་བརྗོད་འདུག

ཀ་ཤི་སྨིར་རང་བཙན་བཟོ་རྒྱུ་དང་རྒྱ་གར་
རྩ་གཏོར་གཏོང་དགོས་ཟེར།

ཀ་ཤི་སྨིར་རང་བཙན་བཟོ་རྒྱུ་དང་རྒྱ་གར་རྩ་གཏོར་གཏོང་དགོས་ཟེར།#”Kashmir is likely to be liberated soon and India will be wiped out from the map of the world,” He said.

པག་ཀི་སི་ཐན། ཁས་ཉིན་རེས་གཟའ་ཉི་མའི་ཉིན་11/26མོམ་བྷེའི་དྲག་རྒོལ་དོན་རྐྱེན་གྱི་ཇུས་འགོད་པར་བརྗོད་པ་དྲག་སྤྱོད་འགོ་པ་ཧཱ་ཧྤི་ཛི་(Hafiz Saeed)ཡིས་པག་ཀི་སི་ཐན་ནས་ནན་བརྗོད་བྱས་དོན།“ང་ཚོས་གང་མགྱོགས་ཀ་ཤི་སྨིར་རང་བཙན་བཟོ་རྒྱུ་དང་། སྤྱིར་གང་མགྱོགས་ཀ་ཤི་སྨིར་ལ་རང་བཙན་འཐོབ་ཀྱི་རེད། དེ་རྗེས་ང་ཚོས་རྒྱ་གར་འཛམ་བུ་གླིང་གི་ས་ཁྲའི་ཐོག་ནས་གཙང་མ་བཟོ་གི་ཡིན།”ཞེས་བརྗོད་པའི་གནས་ཚུལ་ཐོན་འདུག ཧཱ་ཧྤི་ཛིས་སྣེ་ཁྲིད་འོག་པག་ཀི་སི་ཐན་ནང་དུ་རྒྱ་གར་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཁོང་ཚོའི་དགོས་འདུན་ནི་ཀ་ཤི་སྨིར་ནང་ཡོད་རྒྱ་གར་དབུས་གཞུང་གི་དམག་མི་རྣམས་ཕྱིར་འཐེན་བྱ་དགོས་སྐོར་བརྗོད་བཞིན་ཡོད་པ་རེད་འདུག ལས་འགུལ་དེ་དག་གི་འབོད་ཚིག་གཙོ་བོ་ནི་ཀ་ཤི་སྨིར་རང་བཙན་ལ་རྒྱབ་སྐྱོར་དང་། རྒྱ་གར་ལ་གཏོར་རྒོལ་མཚམས་མེད་ངང་གཏོང་དགོས་རྒྱུ་དེ་ཉིད་ཡིན་པ་རེད་འདུག

ཀྲམ་ཧྥིའི་སྒེར་ཁང་ཐོག་རྩེགས་ལ་མེ་སྐྱོན།

མེ་སྐྱོན་དེའི་ཁྲོད་ཉུང་མཐར་མི་1འདས་གྲོངས་སུ་གྱུར་ཡོད་པ་དང་། མི་གྲངས་6ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བརྗོད་བཞིན་འདུག#At least one person was killed and six others were injured after a fire broke out at the Trump Tower in New York, US, on Saturday.

ཨ་རི། བདུན་སྔོན་མའི་རེས་གཟའ་སྤེན་པའི་ཉིན་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་ཨ་རིའི་སྲིད་འཛིན་ཀྲམ་ཧྥིའི་སྒེར་ཁང་ཐོག་རྩེགས་ཁང་ཆེན་(Trump Tower)དེ་ཉིད་ལ་མེ་སྐྱོན་བྱུང་བའི་གནས་ཚུལ་ཐོན་འདུག མེ་སྐྱོན་དེའི་ཁྲོད་ཉུང་མཐར་མི་1འདས་གྲོངས་སུ་གྱུར་ཡོད་པ་དང་། མི་གྲངས་6ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བརྗོད་བཞིན་འདུག ཐོག་རྩེགས་ཁང་ཆེན་དེའི་ནང་དུ་སྲིད་འཛིན་ཀྲམ་ཧྥི་སྒེར་གྱི་ལས་ཁུངས་དང་ཉལ་ཁང་ཡང་ཡོད་པ་རེད་འདུག སྟབས་ལེགས་པར་དོན་རྐྱེན་བྱུང་སྐབས་སྲིད་འཛིན་ཀྲམ་ཧྥི་དེ་གར་མེད་སྐོར་བརྗོད། ཕྱོགས་གཞན་མེ་སྐྱོན་དེ་ཉིད་ཀྱི་རྒྱུ་རྐྱེན་གང་ཡིན་ད་ལྟའང་ཤེས་རྟོགས་བྱུང་མེད་པའི་གནས་ཚུལ་གསལ། སྐབས་དེར་མེ་སྐྱོན་དེ་ཉིད་ལ་ཁ་གཏད་གཅོག་མཁན་ཁྱོན་མེ་གསོད་རུ་མི་200ལྷག་འབྱོར་འདུག་ཅིང་། རིང་མིན་མེ་སྐྱོན་སྟངས་འཛིན་ཐུབ་འདུག་པ་དང་། སྲིད་འཛིན་ཀྲམ་ཧྥི་སྒེར་ངོས་ནས་མེ་གསོད་རུ་མི་དག་ལ་བསྔགས་བརྗོད་བྱས་ཡོད་འདུག

ཁྱེད་ཚོ་ང་ཚོའི་མེ་མདའི་རྒྱང་ཤེལ་ནང་ཚུད་ཡོད།

“ཁྱེད་ཚོའི་བསམ་པར་ང་ཚོས་ཁྱེད་ཚོ་མཐོང་གི་མ་རེད་བསམ་གྱི་འདུག་གམ། ང་ཚོས་ཁྱེད་ཚོ་ཧ་ཅང་གསལ་པོར་མཐོང་བཞིན་ཡོད།”ཅེས་བརྗོད་འདུག#Adding that Israel will not allow anyone to threaten its security and citizens, he wrote”Whoever thinks he can evade the lens of our forces is wrong.”

ཨི་ཛི་རལ། ཁས་ཉིན་རེས་གཟའ་ཉི་མའི་ཉིན་ཨི་ཛི་རལ་(Israel/以色列)གྱི་གཞུང་དམག་ཞིག་གིས་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་བརྒྱུད་ལྐོག་གསོད་མེ་མདའི་རྒྱང་ཤེལ་ནང་དུ་ཚུད་པའི་པེ་ལི་སི་ཊིན་(Palestine/巴勒斯坦)གྱི་ཕྲུ་གུ་ཞིག་དང་སྐྱེས་པ་འགའ་ཡོད་པའི་པར་རིས་ཞིག་འགྲེམས་སྤེལ་བྱས་ཏེ་པེ་ལི་སི་ཊིན་གྱི་ངོ་རྒོལ་བ་རྣམས་ལ་ཉེན་བརྡ་བཏང་དོན།“ཁྱེད་ཚོའི་བསམ་པར་ང་ཚོས་ཁྱེད་ཚོ་མཐོང་གི་མ་རེད་བསམ་གྱི་འདུག་གམ། ང་ཚོས་ཁྱེད་ཚོ་ཧ་ཅང་གསལ་པོར་མཐོང་བཞིན་ཡོད། ང་ཚོའི་མི་སེར་གྱི་བདེ་འཇགས་ལ་གནོད་འཚེ་བཟོ་ཉེན་དུ་གྱུར་རིགས་དང་། ང་ཚོའི་ས་ཁོངས་ཟང་ཟིང་བཟོ་མཁན་དེ་དག་ལ་ཁ་གཏད་ནན་ཏན་གཅོག་གི་རེད། གལ་སྲིད་ཁྱེད་ཚོས་ང་ཚོའི་མེ་མདའི་རྒྱང་ཤེལ་འོག་ནས་ཐར་གྱི་རེད་བསམ་གྱི་འདུག་ཚེ་ནོར་འཁྲུལ་རེད།”ཅེས་བརྗོད་པའི་གནས་ཚུལ་ཐོན་འདུག བདུན་སྔོན་མའི་རེས་གཟའ་པ་སངས་ཉིན་པེ་ལི་སི་ཊིན་གྱི་མི་མང་འདུ་འཛོམས་བྱུང་སྟེ་ཨི་ཛི་རལ་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་ཡོད་འདུག དེ་ཉིན་པེ་ལི་སི་ཊིན་གྱི་མི་9དམར་གསོད་ཕྱིན་ཡོད་པ་དང་། མི་གྲངས་300ལྷག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།