ག་ལེར་ག་ལེར།-འཛམ་གླིང་ནང་གི་གྲགས་ཅན་ཟིན་ཐོ་བཏོད་མཁན་གླུ་གཞས།

0
3314
གཞས་མིང་། Despacito | ག་ལེར་ག་ལེར།
གཞས་ཚིག་ནང་དོན། | བརྩེ་དུང་གི་འདོད་གཞས།
སྐད་ཡིག | སེ་པན་གྱི་སྐད།
གཞས་པ། | Luis Fonsi ft Daddy Yankee

གླུ་གཞས་ངོ་མ། སེ་པན་གྱི་སྐད།

 

<<ག་ལེར་ག་ལེར། | Despacito >>ཞེས་པའི་གླུ་གཞས་དེ་ནི་འདི་ལོའི་འཛམ་གླིང་ས་ཁུལ་གང་དུའང་མཐོང་ཐོས་ཡོད་པ་ཞིག་ཏུ་གྱུར་ཡོད། གླུ་གཞས་དེས་ཡུ་ཀྲུབ་Youtubeདྲ་གནས་ཐོག་ད་བར་ཆེས་ཐོག་མར་ལྟ་མཁན་དུང་ཕྱུར་30ལྷག་བརྒལ་བའི་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ཡོད། གླུ་གཞས་དེ་ནི་རིམ་པས་ནད་ཡམས་ལྟར་ཕྱོགས་ཀུན་ཏུ་ཁྱབ་ཅིང་། དམིགས་བསལ་ཚོང་ཁྲོམ་དང་། རླངས་འཁོར། ཇ་ཁང་། ཁྱིམ་ཚང་སོགས་མདོར་ན་གཞོན་སྐྱེས་ཕལ་མོ་ཆེའི་ཁ་པར་ནང་དུ་མེད་པ་ཧ་ལམ་མེད་པར་གྱུར། གོང་སྨྲོས་ལྟར་གླུ་གཞས་དེར་ཡུ་ཀྲུབ་Youtubeདྲ་ཐོག་ཁོ་ནར་ལྟ་མཁན་ཁྱོན་དུང་ཕྱུར་32(ཐེར་འབུམ་3.2)བརྒལ་ཟིན་ཞིང་། ད་དུང་དེའི་ཐོག་ཟླ་འདིའི་ནང་ས་ཡ་92ལྷག་འཕར་ཟིན་འདུག གླུ་གཞས་དེར་གཞས་པ་ཁག་གཉིས་ཡོད་པ་དང་། གཉིས་ཀ་ཨ་རིའི་འཛིན་སྐྱོང་མངའ་འོག་ཏུ་ཡོད་པའི་(གྷོམ་མཚོ་གླིང་དང་གཅིག་མཚུངས་རེད།)ཁེ་རེ་བྷི་ཡའི་མཚོ་གླིང་ཐོག་གི་ལུང་པ་པུར་ཏོ་རི་ཁོ་(Puerto Rico)ཞེས་པའི་ནས་རེད།

ཧིན་སྐད་འགྱུར་མ།

ལུང་པ་དེའི་སྐད་ཡིག་གཙོ་བོ་སེ་པན་གྱི་སྐད་དང་། གཉིས་པ་དབྱིན་སྐད་གཙོ་རྒྱུག་ཆེ་ཤོས་སུ་གྱུར་བས་གླུ་གཞས་དེ་ཡང་དང་ཐོག་ནས་སེ་པན་གྱི་སྐད་ཐོག་བཏང་བ་ཞིག་ཆགས་ཀྱི་ཡོད་འདུག  གཞས་པ་གཙོ་བོ་དེའི་མིང་ལ་ལུ་ཝི་སི་ཧྥོན་སེ་(Luis Fonsi)དང་། གཞན་དེ་ནི་ཡུལ་དེ་གའི་གཞས་མ་གཏམ་གཏོང་མཁན་ཊའེ་ཌི་ཡན་ཀི་(Daddy Yankee)ཞེས་པ་དེ་རེད། ད་སྐབས་གླུ་གཞས་དེ་ཉིད་མངོན་གསལ་ངང་འཛམ་གླིང་གི་སྐད་རིགས་མི་འདྲ་བ་40ལྷག་གི་ནང་དུ་བསྒྱུར་ཟིན་འདུག ཕྱོགས་གཞན་ནས་གླུ་གཞས་དེ་ཉིད་སྙན་གྲགས་དེ་ཙམ་ཆོད་ཀྱང་བརྙན་ལེན་བྱེད་ཡུལ་ཁག་ནི་ས་གནས་གྲགས་ཅན་དེ་འདྲར་བསྐྱོད་པ་གང་ཡང་ཆགས་ཀྱི་མེད་སྐོར་བརྗོད་ཅིང་། མཚོ་གླིང་དེ་གའི་ནང་གི་གྲོང་གསེབ་ཀྱི་ཨར་ཁང་དང་ཉེ་ཁུལ་མཚོ་ཁའི་གྲོང་བརྡལ་ཁག་ཏུ་བརྙན་ལེན་བྱས་པ་ཞིག་རེད་འདུག བརྙན་ལེན་སྒྲིག་སྦྱོར་བའང་མི་གཉིས་ལས་མེད་པར་བརྗོད། ཁོང་གཉིས་ནི་ཨེན་རྡི་རི་སི་(Andrés Torres)དང་མའོ་རི་ཁིའོ་(Mauricio Rengifo)ཞེས་པ་དེ་གཉིས་རེད་འདུག

 རྒྱ་སྐད་འགྱུར་མ།

གླུ་གཞས་དེ་ཉིད་ཚོང་སྒྱུར་གྱི་ཐད་ནས་བརྗོད་ན་འཛམ་གླིང་གི་རྒྱལ་ཁབ་ཁག་45ནང་གི་གླུ་གཞས་རྩེ་ཕུད་ཟིན་ཐོའི་ནང་དུ་ཚུད་ཡོད་པ་དང་། རྒྱལ་ཁབ་ཁག་9ནང་གླུ་གཞས་ལེགས་ཤོས་བཅུའི་ཁུངས་སུ་ཚུད་ཡོད། དེང་གི་ཆར་དྲ་རྒྱའི་ཆ་རྐྱེན་བརྒྱུད་གླུ་གཞས་རྐང་གཅིག་རེ་གཏོང་མཁན་རིམ་པས་འབྱུང་མུས་ལྟར་ལམ་ལྷོངས་ཀྱང་རིམ་པས་བྱུང་ཡོད། འོན་ཀྱང་། གཞས་པ་དེ་གཉིས་ནི་ད་བར་དྲ་ཐོག་ནས་གླུ་གཞས་རྐང་གཅིག་རེ་བཏང་ནས་སྙན་གྲགས་ཆོད་ཚད་ཆེས་མཐོ་ཤོས་དེར་ངོས་འཛིན་བྱེད་བཞིན་འདུག དམིགས་བསལ་ལོ་ངོ་21རྗེས་སུ་གཞི་ནས་སེ་པན་གྱི་སྐད་ཐོག་ནས་བཏང་བའི་གླུ་གཞས་ཤིག་ཨ་རིའི་གླུ་གཞས་ཚོང་སྒྱུར་ཚོང་ཚོགས་གྲགས་ཅན་Billboardཡི་གླུ་གཞས་རྩེ་ཕུད་100ནང་བསླེབས་ཡོད། གླུ་གཞས་དེ་ཉིད་ཨ་རིའི་ཁྲོམ་རའི་ནང་གི་ཡོ་རོབ་རྒྱལ་ཁོངས་ནས་ཐོན་པའི་གླུ་གཞས་བྲིན་རྒྱུག་ཆེ་ཤོས་དེར་གྱུར་འདུག་ཅིང་། ཕབ་བཤུ་ཁོ་ན་བྱེད་ཆོག་པའི་ཆོག་མཆན་ཉོ་མཁན་ས་ཡ་3.3ལྷག་བརྒལ་ཡོད་པར་བརྗོད་བཞིན་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།