ཁེ་ན་ཊས་སྐྱབས་བཅོལ་བ་ས་ཡ་1ཙམ་ལེན་འཆར། ལོ་གསུམ་གྱི་འཆར་གཞི་ཆེན་པོ།

0
2283
ཁེ་ན་ཊའི་གཞུང་གིས་སྐབས་དོན་ལས་གཞི་དེ་ཉིད་བརྒྱུད་ཡུལ་དེ་གའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག#Canada's government says it will attempt to boost the Canadian economy by welcoming nearly one million immigrants over the next three years.

ཁེ་ན་ཊ། ཨོ་ཐ་ཝ། སྤྱི་ལོ་2017ཟླ་11ཚེས་3ཉིན། མདང་དགོང་རྒྱ་གར་གྱི་དཔལ་འབྱོར་དུས་བབ་(Economic Times)དང་ཨ་རབ་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་ཨཱལ་ཇ་ཛི་ར་(Aljazeera)སོགས་ཀྱིས་གནས་ཚུལ་སྤེལ་གསལ། ཁ་སང་ཁེ་ན་ཊ་ (Canada/加拿大)གཞུང་གནས་སྤོ་ལྷན་ཁང་(Immigration Ministry)གིས་ཡོངས་གྲགས་ཀྱིས་གསལ་བསྒྲགས་སྤེལ་དོན།འབྱུང་འགྱུར་སྤྱི་ལོ་2020བར་ངེད་ཁེ་ན་ཊའི་གཞུང་ཕྱོགས་ནས་སྐྱབས་བཅོལ་དང་གནས་སྤོ་བ་མི་གྲངས་ས་ཡ་1ཙམ་ལེན་འཆར་གཏན་ཁེལ་བྱུང་ཡོད། དེ་ཡང་ལོ་རྗེས་མར་མི་གྲངས་310,000དང་། སྤྱི་ལོ་2019ལོར་མི་གྲངས་330,000ལེན་འཆར་ཡོད། དེ་བཞིན་སྤྱི་ལོ་2020ལོར་མི་གྲངས་340000བཅས་ཁྱོན་མི་གྲངས་ས་ཡ་1ཙམ་ལེན་འཆར་ཡོད།ཅེས་བརྗོད་འདུག

ཁེ་ན་ཊའི་གནས་སྤོ་ལྷན་ཁང་གི་ངོས་ནས་ལས་གཞི་དེའི་ཁེ་ཕན་ཐད་འགྲེལ་བརྗོད་བྱས་དོན།སྐྱབས་བཅོལ་གནས་སྤོ་བ་སྤར་ཆའི་གནད་དོན་དེས་ངེད་རྒྱལ་ཁབ་ལ་ཁེ་ཕན་རླབས་ཆེན་ཡོང་ངེས་པ་མངོན་གསལ་ཡིན་ཞིང་། ལས་གཞི་དེ་ཉིད་བརྒྱུད་ཁེ་ན་ཊའི་དཔལ་ཡོན་སྔར་ལས་དར་རྒྱས་ཡོང་ངེས་རེད་ཅེས་ཐག་བཅད་ནས་བཤད་ཐུབ།ཅེས་བརྗོད་འདུག

ཁེ་ན་ཊའི་གཞུང་གནས་སྤོ་ལྷན་ཁང་གི་འབོད་བརྡའི་བརྡ་ཁྱབ་པར་རིས།#Find out what immigration programs you can apply for, and how to submit an online or paper application.

ཁ་སང་ཁེ་ན་ཊའི་གཞུང་གནས་སྤོ་ལྷན་ཁང་གི་བློན་ཆེན་གྱིས་གསར་འགོད་ཚོགས་འདུ་དེ་ཉིད་བརྒྱུད་ནན་བཤད་གནང་དོན།“ད་ལན་གྱི་འཆར་གཞི་དེ་ནི་ཁེ་ན་ཊའི་གནས་སྤོའི་ལས་འཆར་ཐད་ཀྱི་འཆར་གཞི་རླབས་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། ལས་གཞི་དེ་ཉིད་བརྒྱུད་ཁེ་ན་ཊར་རླབས་ཆེའི་གྲུབ་འབྲས་ཐོན་རྒྱུ་གཏན་ཁེལ་དང་། ལོ་རྒྱུས་ཁྲོད་ཀྱི་སྐྱབས་བཅོལ་གནས་སྤོ་བ་ལེན་རྒྱུའི་ལས་གཞི་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། དེ་མཚུངས་ལས་གཞི་དེ་ཉིད་ཀྱིས་ཁེ་ན་ཊའི་ད་ལྟ་དང་མ་འོངས་པ་གཉིས་ཀར་ཕན་ཐོགས་ཤུགས་ཆེན་ཡོང་ངེས་རེད།”ཅེས་བརྗོད་འདུག

ཁེ་ན་ཊའི་གཞུང་ཕྱོགས་ནས་འགྲེལ་བརྗོད་བྱས་དོན་ལྟར། ལས་གཞི་དེའི་འོག་ནས་སྐྱབས་བཅོལ་དང་གནས་སྤོ་བ་ལེན་འཆར་གྱི་སྡེ་ཚན་ཁག་ནི་དཔལ་འབྱོར་འབྲེལ་ཡོད་ཀྱི་ལས་ཀའི་ཆ་རྐྱེན་ཡོད་པ་དང་། ནང་མི་ཟླ་སྒྲིལ། ནང་མི་ཁྱོན་ཡོངས་ནས་གནས་སྤོ། ཆབ་སྲིད་དཀའ་ངལ་ཡོད་པའི་སྐྱབས་བཅོལ་གནས་སྤོ་བ་བཅས་ཚུད་ཀྱི་ཡོད་པར་བརྗོད་བཞིན་འདུག ད་ལན་གྱི་ལས་གཞི་འདི་ཉིད་བརྒྱུད་ཁེ་ན་ཊའི་མི་འབོར་བརྒྱ་ཆ་0.9འཕར་རྒྱུ་ཡིན་པར་བརྗོད་བཞིན་འདུག

འཛམ་གླིང་གནས་སྤོ་དོ་དོམ་ཁྲིམས་ལུགས་ཚོགས་པས་བརྗོད་དོན། ཁེ་ན་ཊར་གནས་སྤོ་བྱས་ཚེ་ཁེ་ཆན་ཆེན་པོ་བརྒྱད་ཡོད་ཟེར། 1. གནས་སྤོ་བར་བདག་སྐྱོང་། 2.ཁེ་ན་ཊར་མི་ཉུང་ཞིང་ཁང་པ་མང་བ། 3.རྒྱལ་ཁབ་བརྟན་ལྷིང་ཡིན་པ། 4.སློབ་སྦྱོང་གི་གོ་སྐབས་ལེགས་པ། 5.ནད་སྐྱོང་ལས་གཞི་ལེགས་པ། 6.རང་དབང་ཆེ་ཞིང་བདེ་འཇགས་ཡིན་པ། 7.དཔལ་འབྱོར་སྟོབས་ཆེན་ཡིན་པ། 8.ཁེ་ན་ཊར་གནས་སྤོ་བ་དགོས་པ།

ཁེ་ན་ཊ་གཞུང་གི་སྤྱི་ལོ་2011-2016བར་གྱི་སྙན་ཐོ་ལྟར་ན་ཡུལ་དེ་གར་འབྱོར་བཞིན་པའི་སྐྱབས་བཅོལ་གནས་སྤོ་བའི་གྲངས་འབོར་མང་ཤོས་ཁག་ནི། དང་པོ་ཡོ་རོབ་དང། དེ་རྗེས་འདི་ལོར་ཆེས་ཐོག་མར་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་གིས་ཨང་རིམ་གཉིས་པར་སོན་ཡོད་འདུག དེ་ནས་སྐྱབས་བཅོལ་གནས་སྤོ་བའི་ཡོངས་ཁུངས་གཙོ་བོ་གཉིས་ནི་ཨེ་ཤི་ཡ་དང་ཁ་ཆེའི་དཀྱིལ་ཤར་ཡུལ་གྲུ་ཁག་ཆགས་ཀྱི་ཡོད་འདུག གོང་སྨྲོས་ཨེ་ཤི་ཡ་དང་དཀྱིལ་ཤར་ཡུལ་གྲུ་ཁག་ནས་སྐྱབས་བཅོལ་ཡོངས་ཁུངས་གཙོ་བོའི་རྒྱལ་ཁབ་ཁག་ནི། ནེ་ཇི་རི་ཡ། ཨཱེལ་གྷེ་རི་ཡ། ཨེ་འཇིབ། མོ་རོ་ཁོ། ཁེ་མི་རོན། ཧྥི་ལིབ་ཧྥིན་སི། རྒྱ་གར། རྒྱ་ནག ཨི་རན། པག་ཀི་སི་ཐན། སེ་རི་ཡ། ལྷོ་ཀོ་རི་ཡ་བཅས་ཆགས་ཀྱི་ཡོད་ཅེས་གཞུང་འབྲེལ་ཡིག་ཆར་གསལ་འདུག

(གོང་གི་རྒྱལ་ཁབ་ཁག་གི་དབྱིན་མིང་། Nigeria, Algeria, Egypt, Morocco, Cameroon, Philippines, India, China, Iran, Pakistan, Syria, South Korea)

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།