ཀྲམ་ཧྥིས་བསྐྱར་དུ་ཀིམ་ཇུང་ཨུན་ཐུག་འཕྲད་བྱ་འཆར། ཚ་གླེང་།

0
996
འདས་པའི་སྤྱི་6ཚེས་12ཉིན་སེང་གྷ་པུར་དུ་ཡུལ་གཉིས་ཀྱི་དབུ་ཁྲིད་ཐུག་རེས་སྐབས།#President Donald Trump and North Korean leader Kim Jong Un walk after lunch at the Capella Hotel on Sentosa island in Singapore June 12, 2018.

ཨ་རི། ཝ་ཤིང་ཌོན། སྤྱི་2018ཟླ་8ཚེས་21ཉིན། ད་ལྟ་ཆུ་ཚོད་འགའི་སྔོན་དུ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་རུ་ཀྲར་(Reuters)གྱིས་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་དེ་རིང་ཕོ་བྲང་དཀར་པོ་ལྷན་ཚོགས་སྐབས་བརྗོད་དོན། “ངས་གང་མགྱོགས་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་དང་བསྐྱར་དུ་ཐུག་འཕྲད་བྱ་ངེས་པའི་འཆར་གཞི་སྒྲིག་བཞིན་ཡོད།”ཅེས་བརྗོད་འདུག དེ་ཡང་གསར་ལམ་ཁག་ནས་གསལ་བ་ལྟར་ན་སྲིད་འཛིན་ཀྲམ་ཧྥི་ཡིས་ཧྥོང་ཡན་གཞུང་གིས་རྡུལ་མཚོན་ལས་གཞི་ཁྱོན་ཡོངས་ནས་མཚམས་འཇོག་བྱ་རྒྱུའི་དོན་དུ་སྐད་ཆ་ཤོད་འཆར་ཡོད་སྐོར་གླེང་བཞིན་འདུག

དེ་བཞིན་འདས་པའི་སྤྱི་ཟླ་6ཚེས་12ཉིན་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་བྱང་ཀོ་རི་ཡའི་ཆེས་མཆོའི་དབུ་ཁྲིད་ཀིམ་ཇུང་ཨུན་ཐུག་འཕྲད་ཚོགས་འདུའི་སྐབས་རུ་ཀྲར་གསར་ཁང་གི་གསར་འགོད་པར་བརྗོད་དོན།“གཞན་གྱིས་དོགས་པ་དང་སྐད་ཆ་འདྲ་མིན་ཤོད་བཞིན་ཡོད་ཀྱང་། ངས་བྱང་ཀོ་རི་ཡས་རྡུལ་མཚོན་གཙང་སེལ་བཟོ་རྒྱུའི་ཕྱོགས་སུ་གོམ་སྟབས་ངེས་ཅན་ཞིག་སྤོ་འགོ་བཙུགས་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད།”ཅེས་བརྗོད་ཡོད།

བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གྱིས་རྡུལ་མཚོན་རྒྱང་སྐྱོད་འཕུར་མདའི་བཟོ་གྲྭར་རྟོགས་ཞིབ་བྱེད་བཞིན་པའི་འདྲ་པར།#North Korea says leader Kim Jong Un has thanked workers at a factory that built the tires for a huge vehicle used to transport a new intercontinental ballistic missile that was test-launched this week.

ཕྱོགས་གཞན་ནས་དེ་རིང་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་རྒྱ་ནག་དང་འབྲེལ་བའི་ཐད་ནས་འགྲེལ་བརྗོད་བྱས་དོན།“སྤྱིར་ད་ལྟ་བྱང་ཀོ་རི་ཡ་དང་ལྷན་དུ་བཟང་ཕྱོགས་ཀྱི་འགྱུར་ལྡོག་དུ་མ་ཞིག་འབྱུང་བཞིན་ཡོད། འོན་ཀྱང་། རྒྱ་ནག་གིས་ང་ཚོའི་བར་གྱི་ཚོང་དོན་དཀའ་རྙོག་སེམས་ལ་ཉར་ཏེ་ནུས་ཤུགས་འདོན་རོགས་བྱེད་ཀྱི་མི་འདུག”ཅེས་སྐྱོན་བརྗོད་བྱེད་བཞིན་འདུག དེ་བཞིན་སྲིད་འཛིན་ཀྲམ་ཧྥི་ཁོང་ཉིད་སྲིད་འཛིན་ལས་ཐོག་ཏུ་བསླེབས་པ་ནས་བཟུང་བྱང་ཀོ་རི་ཡ་དང་འབྲེལ་བའི་དཀའ་རྙོག་ཆད་མེད་ངང་གདོང་ཐུག་བྱེད་བཞིན་གནས་མུས་ཡིན། དེ་ལྟར་ཁོང་གིས་ཀྱང་སྤོབས་པ་དང་བཅས་བརྗོད་རྒྱུར།“སྲིད་འཛིན་གོང་མ་རྣམས་ཀྱིས་འདས་པའི་ལོ་ངོ་30རིང་བྱང་ཀོ་རི་ཡའི་དཀའ་རྙོག་ཐག་ཆོད་ཐུབ་མེད། ངས་ཟླ་3ནང་ཐག་ཆོད་བྱས་ཡོད།”ཅེས་བརྗོད་ཡོད་འདུག

ད་དུང་ཁོང་གིས་མུ་མཐུད་འུར་ཤོབ་ལྟ་བུར་བརྗོད་དོན།“ངས་བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གྲྭ་བཀག་སྡོམ་བྱས་པ་ཡིན། ངས་བྱང་ཀོ་རི་ཡའི་རྡུལ་མཚོན་འཕུར་མདའ་བཀག་སྡོམ་བྱས་པ་ཡིན། ཉི་ཧོང་ནི་དངངས་སྐྲག་སྐྱེས་འདུག འབྱུང་འགྱུར་གནས་ཚུལ་ཅི་ཞིག་ཡོང་ངམ། སུས་ཤེས། ང་ཚོས་ལྷན་དུ་ལྟ་གི་ཡིན།”ཞེས་བརྗོད་འདུག ཕྱོགས་གཞན་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ཕོ་བྲང་སྔོན་པོས་གསར་འགོད་ལྷན་ཚོགས་ཐོག་བརྗོད་དོན་ལྟར་ན། གོང་སྨྲོས་ལྟར་ཨ་རིའི་སྲིད་འཛིན་གྱིས་གང་མགྱོགས་ཀིམ་ཇུང་ཨུན་དང་ཐུག་འཕྲད་བྱ་འཆར་ཡོད་སྐོར་བརྗོད་སོང་། དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་ཡག་ཏུ་འགྲོ་རྒྱུའི་རྟགས་མཚན་ཞིག་རེད་ཅེས་འགྲེལ་བརྗོད་བྱས་སོང་།

ཨ་རིའི་སོ་མྱུལ་སྲུང་སྐར་པར་རིས་བརྒྱུད་བརྗོད་དོན་ལྟར་ན་བྱང་ཀོ་རི་ཡས་མུ་མཐུད་རྒྱང་སྐྱོད་འཕུར་མདའི་ལས་གྲྭར་ལས་ཀ་བྱེད་བཞིན་ཡོད་པར་བརྗོད།#U.S. spy satellites have detected renewed activity at the North Korean factory that produced the country’s first intercontinental ballistic missiles capable of reaching the United States.

གནས་ཚུལ་དེའི་ཐད་ཀིམ་ཇུང་ཨུན་གྱི་གསར་འགོད་མགྲིན་ཚབ་པས་བརྗོད་དོན།“ང་ཚོའི་རེ་བར་ཨ་རི་དང་བྱང་ཀོ་རི་ཡའི་འབྲེལ་ལམ་དེ་བཞིན་གང་མགྱོགས་ཡར་རྒྱས་འགྲོ་རྒྱུ་དང་། མངོན་སུམ་དུ་འབྲས་བུ་སྨིན་རྒྱུར་རེ་སྒུག་བྱེད་བཞིན་ཡོད།”ཅེས་བརྗོད་འདུག དེ་བཞིན་ཝ་ཤིང་ཌོན་དུ་རྟེན་གཞི་བྱས་པའི་བྱང་ཀོ་རི་ཡ་ཞིབ་འཇུག་ཚོགས་པ་ཞིག་གིས་ཀྱང་སྲུང་སྐར་པར་རིས་བརྒྱུད་ནས་ཤེས་རྟོགས་བྱུང་བ་ནི། བྱང་ཀོ་རི་ཡས་དེ་སྔ་རྒྱང་སྐྱོད་རྡུལ་མཚོན་འཕུར་མདའ་བཟོ་ཡུལ་ལས་གྲྭ་དེ་བཞིན་ད་མཚམས་གཙང་བཟོ་བྱེད་བཞིན་པ་མངོན་བཞིན་ཡོད་སྐོར་བརྗོད་འདུག དེ་མཚུངས་ཚོགས་པ་དེ་ཉིད་ཀྱིས་གསལ་བརྗོད་བྱ་རྒྱུར་དེ་ནི་བྱང་ཀོ་རི་ཡས་ཨ་རིའི་འདོད་བློ་སྐོང་རྒྱུའི་ལས་ཀའི་ཕྱོགས་སུ་སྐྱོད་འགོ་ཚུགས་པ་རེད་ཅེས་གསལ།

འོན་ཀྱང་། ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་ཐོག་ཏུ་བཀལ་བའི་ཉེས་ཆད་ཡོངས་སུ་ཕྱིར་འཐེན་མ་བྱས་བར་ཡུལ་དེ་གའི་རྡུལ་མཚོན་ལས་གཞི་ཡོངས་སུ་མཚམས་འཇོག་བྱ་འགོ་འཛུགས་འཆར་མེད་པར་སྣང་། ཡང་གནས་ཚུལ་གཞན་ཞིག་ནི་ཟླ་སྔོན་མའི་ནང་ཨ་རིའི་ཕོ་བྲང་དཀར་པོས་འགྲེལ་བརྗོད་བྱ་རྒྱུར་བྱང་ཀོ་རི་ཡས་རྡུལ་མཚོན་འཕུར་མདའི་ཆེད་དུ་སྣུམ་འདོན་ལས་གཞི་འགྲོ་མུས་ཡིན་པ་དང་། ཨ་རིའི་སོ་མྱུལ་སྲུང་སྐར་རྟོགས་ཞིབ་བརྒྱུད་ཤེས་རྟོགས་བྱུང་ཚུལ་བརྗོད་པ་ལྟར་ན། བྱང་ཀོ་རི་ཡས་རྡུལ་མཚོན་རྒྱང་སྐྱོད་འཕུར་མདའི་བཟོ་གྲྭའི་ལས་ཀ་མུ་མཐུད་བྱ་འགོ་བཙུགས་པར་བརྗོད་བཞིན་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།