ཀྲམ་ཧྥིས་ང་ལ་བུད་མེད་གཉིས་ཁ་བཀག་ཆེད་དངུལ་སྤྲད་བྱུང་། ལོ་5བཙོན་འཇུག

0
2384
འཁྲིག་སྤྱོད་གློག་བརྙན་འཁྲབ་མཁན་གྲགས་ཅན་ཌེ་ནི་ཡལ་(Stormy Daniels)ལ་ཨ་སྒོར་130000དང་། འཁྲིག་སྤྱོད་འབྲེལ་ཡོད་དཔེ་གསར་གྱོན་གོས་འགྲེམས་སྟོན་པ་མེག་ཌོ་གྷལ་(Karen McDougal)ལ་ཨ་སྒོར་150000སྤྲོད་དུ་བཅུག་པར་གླེང་།#Stormy Daniels; Donald Trump; Karen McDougal (AP/Matt Sayles/Evan Vucci/Getty/Dimitrios Kambouris)

ཨ་རི། ཝ་ཤིང་ཌོན། སྤྱི་2018ཟླ་8ཚེས་23ཉིན། ཁ་སང་དང་དེ་རིང་ཉིན་གཉིས་ཀྱི་རིང་རྒྱལ་སྤྱིའི་རུ་ཀྲར་(Reuters)གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་ཀྲམ་ཧྥི་སྒེར་གྱི་ཁྲིམས་རྩོད་པ་ཟུར་པ་སྐུ་ཞབས་ཁོ་ཧན་(Michael Cohen)གྱིས་སྲིད་འཛིན་ཀྲམ་ཧྥི་དང་འབྲེལ་བའི་གནད་དོན་ཐད་ཁྲིམས་རར་འགྲེལ་བརྗོད་བྱས་དོན།“སྤྱི་ལོ་2016འོས་བསྡུའི་སྐབས་སུ་ང་ལ་ཁྲིམས་འགལ་གྱི་ལས་ཀ་བྱེད་དུ་བཅུག་བྱུང་། སྐབས་དེར་ཁོང་གིས་ང་ལ་དངུལ་སྤྲད་དེ་སྲིད་འཛིན་འོས་ལངས་ལ་མི་གནོད་པའི་ཆེད་དུ་ཁོང་དང་འབྲེལ་ཡོད་བུད་མེད་གཉིས་ཀྱི་ཁ་བཀག་དགོས་པའི་ངན་སྐུལ་བྱས་བྱུང་།”ཞེས་བརྗོད་འདུག

ཀྲམ་ཧྥིའི་ཁྲིམས་རྩོད་པ་ཟུར་པ་ཁོ་ཧན་གྱིས་ཁྲིམས་རའི་ཐོག་སྐད་གདངས་འདར་གྱིན་ཁྲལ་གཡོལ་དང་། དངུལ་ཁང་འབྲེལ་ཡོད་ལྐོག་གཡོ་ངན་ལས། སྲིད་འཛིན་འོས་ལངས་སྐབས་སུ་ཁྲིམས་འགལ་དཔལ་འབྱོར་འགྲོ་ལུགས་སྤྱད་པ་སོགས་ཁྱོན་ཁྲིམས་འགལ་ལས་རིགས་ཁག་བརྒྱད་ངོས་ལེན་བྱས་འདུག དུས་སྐབས་ཤིག་ལ་སྐུ་ཞབས་ཁོ་ཧན་ནི་སྲིད་འཛིན་ཀྲམ་ཧྥིའི་གནད་དོན་ཐག་གཅོད་བྱེད་མཁན་གཏེ་པོ་ཞིག་ཡིན་པ་དང་། སྐབས་དེར་སྲིད་འཛིན་གྱི་དོན་དུ་བྲང་ཁར་མེ་མདའ་ཕོག་ཀྱང་འགྱོད་པ་མེད་མཁན་ལྟ་བུར་མངོན་མཁན་ཞིག་ཀྱང་རེད། ད་སྐབས་ཁོང་ཉིད་ཁྲིམས་རར་ཐུག་པ་དེས་སྲིད་འཛིན་ལྷན་ཁང་ལ་ཟང་ཟིང་ཅུང་བཟོས་ཡོད་པའི་གནས་ཚུལ་ཐོན་བཞིན་འདུག ད་ལན་གྱི་གྱོད་གཞི་དེ་དག་གི་འོག་ཁྲིམས་ཐོག་ནས་ཉེས་ཆད་ཐག་ཆོད་འབྱུང་ཚེ་སྐུ་ཞབས་ཁོ་ཧན་ལ་ཁྱོན་མི་ལོ་ལྔ་ལྷག་བཙོན་འཇུག་ཉེས་ཆད་འཕོག་ངེས་ཡིན་པའི་གནས་ཚུལ་བརྗོད་བཞིན་འདུག

ཀྲམ་ཧྥིའི་ཁྲིམས་རྩོད་པ་ཟུར་པ་ཁོ་ཧན་གྱིས་ཁྲིམས་རའི་ཐོག་སྐད་གདངས་འདར་གྱིན་ཁྲིམས་འགལ་ལས་རིགས་ཁག་བརྒྱད་ངོས་ལེན་བྱས་འདུག#U.S. President Donald Trump’s former lawyer, Michael Cohen, leaves the Daniel Patrick Moynihan United States Court House in lower Manhattan, New York City, U.S. August 21, 2018. REUTERS/Mike Segar

ཕྱོགས་གཞན་ནས་གལ་སྲིད་སྲིད་འཛིན་ཀྲམ་ཧྥི་ཡིས་དེ་ལྟ་བུའི་ཁྲིམས་འགལ་ལས་རིགས་གཉེར་ཡོད་ཚེ་ཁྲིམས་ཆད་འཕོག་རྒྱུ་ཡོད་དམ་ཞེས་པ་དེ་ཡིིན་འདུག  ཁྲིམས་ལུགས་ཆེད་ལས་མཁས་པ་ཚོས་བརྗོད་དོན་ལྟར་ན།“ད་ལྟ་སྲིད་འཛིན་ལས་ཐོག་ལ་དེ་ལྟ་བུའི་ཁྲིམས་འགལ་ལས་རིགས་སྙོན་འཛུགས་སམ་ཁྲིམས་རར་བསྐྱལ་ཐུབ་རྒྱུ་ཁག་པོ་ཡིན་མོད། ཨ་རིའི་རྩ་ཁྲིམས་ཀྱི་བཀོད་ཁྱབ་འོག་གྲོས་ཚོགས་ཀྱི་ངོས་ནས་སྲིད་འཛིན་གྱིས་ཚབས་ཆེའི་ཁྲིམས་འགལ་ལས་རིགས་བརྩམས་པའི་དཔང་རྟགས་ཁུངས་བཙན་ཐོན་མཚམས་གནས་དབྱུང་གཏོང་ཆོག་གི་ཡོད་པ་རེད།”ཅེས་བརྗོད། 

སྲིད་འཛིན་ཀྲམ་ཧྥིའི་རྩོད་རྙོག་དེ་རིགས་ཀྱིས་ད་སྐབས་ཐོན་ལ་ཉེ་བའི་སྤྱི་ཟླ་11ནང་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་འོས་བསྡུའི་སྐབས་སུ་དམངས་གཙོ་ཚོགས་པ་ལས་ཕམ་ཉེས་འཕོག་ཉེན་ཡོད་པར་བརྗོད་ཅིང་། གནད་དོན་དེས་རྐྱེན་པས་སྤྱི་མཐུན་ཚོགས་པར་གནོན་ཤུགས་མི་ཉུང་བ་ཞིག་ཕོག་ངེས་སུ་བརྗོད་བཞིན་འདུག སྐུ་ཞབས་ཁོ་ཧན་གྱིས་ཁྲིམས་རར་ཁྲིམས་དཔོན་ཝི་ལིམ་(William Pauley III)ལ་བརྗོད་དོན།“སྲིད་འཛིན་ཀྲམ་ཧྥི་ཡིས་ང་ལ་འོས་ལངས་སྐབས་མཚན་སྙན་ལ་མི་གནོད་པའི་ཆེད་བུད་མེད་གཉིས་ཁ་བཀག་རྒྱུའི་ཆེད་དངུལ་སྤྲད་དེ་གནས་ཚུལ་ཞི་འཇགས་བཟོ་རྒྱུར་བསྐུལ་བྱུང་། དེ་གཉིས་ནི་འཁྲིག་སྤྱོད་གློག་བརྙན་འཁྲབ་མཁན་གྲགས་ཅན་ཌེ་ནི་ཡལ་(Stormy Daniels)ལ་ཨ་སྒོར་130000དང་། འཁྲིག་སྤྱོད་འབྲེལ་ཡོད་དཔེ་གསར་གྱོན་གོས་འགྲེམས་སྟོན་པ་མེག་ཌོ་གྷལ་(Karen McDougal)ལ་ཨ་སྒོར་150000སྤྲོད་དུ་བཅུག་བྱུང་།”ཞེས་བརྗོད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།