ཀིམ་རྒྱ་ནག་ལ་ཕྱིན་རྗེས་ས་མཚམས་ཀྱི་ས་གོང་ཧ་ཅང་འཕར་བ། ཀིམ་དང་ཀྲམ་ཧྥི།

0
1077
ཏྭན་ཏུང་གྲོང་ཁུལ་གྱི་ཐོག་རྩེགས་ཁང་ཆེན་གྱི་རྣམ་པ།#View of Dandong's skyline on the Yalu River.

རྒྱ་ནག པེ་ཅིན། སྤྱི་ལོ་2018ཟླ་5ཚེས་11ཉིན། ད་ལྟ་ཨ་རིའི་ཚོང་དོན་གསར་ཁང་བྷུ་ལུམ་བྷཀ་(Bloomberg)གཙོས་རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བཞིན་པ་ནི། ཉེ་བའི་ཆར་ཨ་རི་དང་བྱང་ཀོ་རི་ཡའི་འབྲེལ་ལམ་ཇེ་ལེགས་སུ་འགྲོ་བཞིན་པ་དང་ལྷན། སྤྱི་ཟླ་6ཚེས་12ཉིན་སེང་གྷ་པུར་དུ་ཨ་རིའི་སྲིད་འཛིན་ཀྲམ་ཧྤི་དང་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་བྱ་གཏན་ཁེལ་བ་སོགས་ཀྱི་བཟང་ཕྱོགས་ཀྱི་གནས་ཚུལ་ཐོན་ཡོད། དེ་ལྟར་ཨ་བྱང་གཉིས་ཀྱི་ཞི་མོལ་ཐུག་འཕྲད་ཐད་ཀིམ་ཇུང་ཨུན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཐུག་འཕྲད་དུ་ཐེངས་གཉིས་སོང་ཡོད་སྐོར་ཡང་གླེང་། ཕྱོགས་ཀུན་གྱི་གནས་ཚུལ་རིམ་པས་འཕོ་འགྱུར་སོང་རིམ་བཞིན་བྱང་ཀོ་རི་ཡའི་ས་མཚམས་ཁེལ་ཡུལ་གྱི་རྒྱ་ནག་གི་གྲོང་བརྡལ་དག་གི་ས་གོང་གློ་བུར་དུ་བསམ་ཡུལ་ལས་འདས་པ་འཕར་བའི་གནས་ཚུལ་ཐོན་བཞིན་འདུག

རྒྱ་ནག་གི་ཁྲོམ་རའི་དཔལ་འབྱོར་དཔྱད་ཞིབ་པ་དག་གིས་གླེང་དོན་ལྟར་ན། ད་ལན་འགལ་ཟླར་གྱུར་བའི་རྒྱལ་ཁབ་དག་གིས་མཐུན་སྒྲིལ་གྱི་ཕྱོགས་སུ་མདུན་སྐྱོད་བྱ་ཐུབ་ན་དཔལ་འབྱོར་གྱི་གནས་བབ་ཞན་པའི་རྒྱ་ནག་གི་ས་མཚམས་གྲོང་བརྡལ་དེའི་མི་འབོར་ས་ཡ་2.4ལྷག་གི་དཔལ་འབྱོར་རིམ་པས་འཕེལ་རྒྱས་ཤུགས་ཆེན་འགྲོ་ངེས་ཡིན་སྐོར་བརྗོད་བཞིན་འདུག  སྐབས་དོན་གནས་ཚུལ་དབྱེ་ཞིབ་པ་འགས་བརྗོད་གསལ་དུ། ལྷོ་བྱང་ཀོ་རི་ཡ་གཉིས་མཐུན་འགྲིགས་བྱུང་བ་དེས་རྒྱ་ནག་གི་ས་མཚམས་ས་གོང་གཙོས་ཚོང་ལས་གནས་བབ་རིམ་པས་གོང་འཕེལ་འགྲོ་བཞིན་པ་དངོས་ཡོད་དུ་གྱུར་སྐོར་བརྗོད་བཞིན་འདུག ད་དུང་། བྱང་ཀོ་རི་ཡའི་ས་མཚམས་ས་ཁུལ་གྱི་གནས་བབ་རིམ་པས་ཡར་རྒྱས་འགྲོ་རྒྱུར་རེ་བ་བྱེད་བཞིན་འདུག་ཅིང་། རིམ་བཞིན་ཡུལ་དེ་གའི་མི་དམངས་ཀྱི་འཚོ་གནས་ཀྱང་ཇེ་བཟང་འགྲོ་ངེས་པའི་ཚོད་དཔག་བྱེད་བཞིན་པའི་གནས་ཚུལ་བརྗོད།

ད་ཡོད་རྒྱ་ནག་དང་བྱང་ཀོ་རི་ཡའི་གྲོགས་པོའི་ཟམ་ཆེན། ཟམ་པ་དེའི་ཐོག་རླངས་དང་མེ་འཁོར་ཕུད་གོམ་པ་སྤོས་ནས་འགྲོ་ཆོག་གི་མེད་པར་བརྗོད།#The bridge (left) viewed from Dandong, China. The Yalu River Broken Bridge is on the right.

ད་ལྟའི་ཆར་བྱང་ཀོ་རི་ཡའི་ས་མཚམས་ཁེལ་ཡུལ་རྒྱ་ནག་གི་ཏྭན་ཏུང་རྫོང་ཁུལ་(Dandong/丹东)གྱི་གྲོང་ཁུལ་ཁང་རྩེགས་ཀྱི་རིན་གོང་ལྡབ་གཅིག་འཕར་ཟིན་པ་དང་། སྤྱི་ལེ་གྲུ་བཞི་མ་127ལྷག་གི་ཐོག་ཁང་རྩེགས་འཛུགས་སྐྲུན་བྱ་རྒྱུའི་སྟ་གོན་ཟིན་སྐོར་གྱི་གནས་ཚུལ་ཐོན། དེ་ལྟར་ན་ད་ལྟའི་ཆར་ལྷོ་བྱང་ཀོ་རི་ཡ་འཆམ་མཐུན་གྱི་ཕྱོགས་སུ་བསྐྱོད་འགོ་ཚུགས་རྗེས་བྱང་ཀོ་རི་ཡ་དང་འབྲེལ་ཡོད་རྒྱལ་ཁབ་ཕལ་མོ་ཆེར་ཚོང་འབྲེལ་གོང་འཕེལ་འགྲོ་ངེས་པའི་གནས་བབ་སྔོན་དཔག་བྱེད་བཞིན་ཡོད་པ་རེད་འདུག དམིགས་བསལ་བྱང་ཀོ་རི་ཡའི་ས་མཚམས་གྲོང་བརྡལ་ཁག་ནི་རིང་མིན་ས་མཚམས་ཚོང་འགྲུལ་ས་ཚུགས་ཧ་ཅང་གལ་ཆེ་ཞིག་ཆགས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད་འདུག

ཏྭན་ཏུང་རྫོང་ཁུལ་དུ་ས་ཆ་ཉོ་མཁན་ཕལ་མོ་ཆེའི་སྔོན་རྩིས་ཐད་དེ་ཁུལ་ཁེ་ལས་སྤྱི་གཉེར་ཁྲུང་(Jason Chueng)གིས་འགྲེལ་བརྗོད་བྱས་དོན།“ཏྭན་ཏུང་གི་ཚོང་ལས་མགྱོགས་མྱུར་དར་ངེས་པ་ནི་དངོས་ཡོད་གནས་ཚུལ་འགྱུར་བཞིན་ཡོད། གནད་དོན་དེའི་གསང་གནད་གཙོ་བོ་ནི་ས་འཚོང་དང་ཁང་འཚོང་རེད།”ཅེས་བརྗོད་འདུག འོན་ཀྱང་། ད་ལྟའི་ཆར་རྒྱ་ནག་གཞུང་ངོས་ནས་ས་གནས་དེ་གའི་ས་གོང་འཕར་སྐོར་གཞུང་འབྲེལ་གསལ་བསྒྲགས་དང་ཡིག་ཆ་སོགས་ཅི་ཡང་འགྲེམས་སྤེལ་བྱས་མི་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།