ཀིམ་དང་མུན་གྱི་གློ་བུར་བའི་ཐུག་འཕྲད། ཨ་བྱང་གི་གྲོས་མོལ་འབྱུང་ཐུབ་སྲིད། ཚ་གླེང་།

0
1297
དེ་རིང་རེས་གཟའ་སྤེན་པའི་ཉིན་ལྷོ་བྱང་ཀོ་རི་ཡའི་དབུ་ཁྲིད་གཉིས་ཀྱི་དགའ་སྤྲོའི་ཐུག་འཕྲད་ཀྱི་རྣམ་པ།#North and South Korean leaders hold surprise meeting. 2018.5.26

ལྷོ་ཀོ་རི་ཡ། སི་ཝོལ། སྤྱི་ལོ་2018ཟླ་5ཚེས་26ཉིན། དེ་རིང་ཕྱི་དྲོ་དབྱིན་ཡུལ་གྱི་རྒྱལ་སྤྱིའི་རུ་ཀྲར་(Reuters)གསར་ཁང་གཙོས་གསར་ཁང་ཕལ་མོ་ཆེས་གནས་ཚུལ་སྤེལ་བཞིན་པ་ནི། དེ་རིང་རེས་གཟའ་སྤེན་པའི་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་གྱིས་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་དང་གློ་བུར་བའི་ཐུག་འཕྲད་ཅིག་གོ་སྒྲིག་བྱས་པའི་གནས་ཚུལ་ཐོན། དེ་ཡང་ཁ་སང་སྟེ་ཉིན་གཅིག་སྔོན་ཏག་ཏག་ཏུ་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་ཁ་གསང་པོས་འབྱུང་འགྱུར་ཟླ་རྗེས་མའི་ཚེས་12ཉིན་སེངྒ་པོར་དུ་འཚོགས་འཆར་ཡོད་པའི་ཨ་བྱང་གཉིས་ཀྱི་ཞི་གྲོས་དེ་ཉིད་ཕྱིར་འཐེན་བྱ་རྒྱུའི་བསྒྲགས་གཏམ་སྤེལ་ཡོད།

སྤྱིར་ཁ་སང་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་གྲོས་མོལ་ཕྱིར་འཐེན་གྱི་བསྒྲགས་གཏམ་དེ་ཉིད་ཀྱི་ལན་དུ་བྱང་ཀོ་རི་ཡའི་ཕྱོགས་ནས་ངན་ཕྱོགས་ཀྱི་ལན་འདེབས་ཅི་ཡང་མ་སྤྲད་སྟབས། ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་ཀིམ་ཇུང་ཨུན་གྱི་བྱེད་སྟངས་དེར་བསྔགས་བརྗོད་དང་གྲོས་མོལ་དེ་ཉིད་དེ་སྔོན་ཁ་ཆད་བྱས་པའི་དུས་ཚོད་དེ་ཉིན་འཚོགས་ཐུབ་སྲིད་སྐོར་བརྗོད་སོང་།

ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་བྱང་ཀོ་རི་ཡ་དང་ལྷན་དུ་ཞི་གྲོས་ལ་རེ་བ་ཡོད་ཚུལ་དང་ཉིན་གཅིག་ནང་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་བཟང་དུ་འགྲོ་བཞིན་རབས་བརྗོད་པ།#In a tweet today, Trump maintained “very productive talks” were continuing on the North Korean summit.

དེ་རིང་ཕྱི་དྲོ་ལྷོ་ཀོ་ར་ཡའི་གཞུང་འབྲེལ་གསལ་བསྒྲགས་བརྒྱུད་ནན་བརྗོད་བྱས་དོན།“དེ་རིང་ངེད་ལྷོ་བྱང་གཉིས་ཀྱི་གློ་བུར་བའི་ཐུག་འཕྲད་དེ་ནི་ཨ་བྱང་གཉིས་ཀྱི་ཞི་གྲོས་ལ་རེ་བ་གསར་པ་ཞིག་སྦྱིན་ཐུབ་རྒྱུའི་ཆེེད་དུ་ཡིན་པ་གསལ་པོ་ཡིན། ང་ཚོའི་རེ་བར་ཨ་བྱང་གཉིས་ཀྱི་ཞི་གྲོས་དེ་ཉིད་ལམ་ལྷོངས་ཡོང་རྒྱུར་སྒུག་བཞིན་ཡོད། གང་ལྟར་འབྲེལ་ཡོད་གནས་ཚུལ་ཞིབ་ཕྲ་རིམ་པས་གསལ་བསྒྲགས་ཡོང་གི་རེད།”ཅེས་བརྗོད་འདུག ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་ལ་མཚོན་ན་བདུན་འདིའི་འགོར་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་དང་ཐུག་འཕྲད་ཟིན་མ་ཐག་པ་ཡིན་པ་དང་། བདུན་སྔོན་མའི་ནང་ཀིམ་ཇུང་ཨུན་དང་ཐུག་འཕྲད་དུས་ཆད་བཟོས་ཡོད་མོད། ཀིམ་ཇུང་ཨུན་གྱིས་གློ་བུར་དུ་ཨ་བྱང་གི་གྲོས་མོལ་ཕྱིར་འཐེན་གྱི་འཇིགས་སྐུལ་དང་འབྲེལ་མུན་ཇེ་ཨིན་དང་ཐུག་འཕྲད་བརྩིས་མེད་བཏང་བའི་གནས་ཚུལ་ཐོན་ཡོད།

དེ་ལྟར་མདང་དགོང་ནས་དེ་རིང་བར་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་སྤྱི་ཚོགས་དྲ་གནས་ཀྲུའུ་ཀྲར་བརྒྱུད་བྱང་ཀོ་རི་ཡའི་སྐོར་ལ་བཟང་ཕྱོགས་ཀྱི་གནས་ཚུལ་རིམ་པས་བརྗོད་ཅིང་། དང་ཐོག་བྱང་ཀོ་རི་ཡའི་ཕྱོགས་ནས་བཟང་ཕྱོགས་ཀྱི་ཡ་ལན་ཐོས་རབས་དང་། དེ་རྗེས་དེ་རིང་བྱང་ཀོ་རི་ཡའི་གཞུང་དང་ལྷན་དུ་ཁ་པར་བརྒྱུད་སྐད་ཆ་ཧ་ཅང་ཡག་པོ་བྱུང་རབས་སོགས་བརྗོད་དེ་འགྲེལ་བརྗོད་བྱས་དོན།“ང་ཚོ་བྱང་ཀོ་རི་ཡ་དང་ལྷན་དུ་ཞི་གྲོས་བསྐྱར་དུ་གཏན་ཁེལ་བྱ་རྒྱུའི་ཐད་སྐད་ཆ་ཧ་ཅང་ཡག་པོ་ཤོད་རྒྱུ་བྱུང། གལ་སྲིད་རབ་འབྱུང་ན་དེ་སྔའི་དུས་ཆད་ལྟར་སྤྱི་ཟླ་6ཚེས་12ཉིན་སེངྒ་པོར་དུ་ཞི་གྲོས་འཚོགས་རྒྱུ་ཡོང་སྲིད་ཅིང་། དུས་ཚོད་དེ་ཉིད་ནས་ཅུང་ཕྱིར་འགྱངས་བྱེད་དགོས་ཀྱང་འགྲིགས།”ཞེས་བརྗོད་འདུག

དེ་མཚུངས་དེ་རིང་ཕྱི་དྲོ་ཨ་རིའི་སྲིད་འཛིན་ཀྲམ་ཧྥི་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་དོན།“ང་ཚོ་ད་ལྟ་བྱང་ཀོ་རི་ཡ་དང་སྐད་ཆ་ཤོད་མུས་ཡིན། ཁོང་ཚོའི་རྣམ་འགྱུར་ཧ་ཅང་ཡག་པོ་འདུག མ་ཟད། ཁོང་ཚོའི་ཕྱོགས་ནས་ཞི་གྲོས་དེ་ཉིད་ཡོང་རྒྱུར་འདུན་པ་དྲག་པོ་འདུག ང་ཚོ་ཡང་གཅིག་མཚུངས་ཡིན། ང་ཚོས་ལྷན་དུ་ལྟ་ཆོག་གི་རེད། གཅིག་བྱས་ན་སྤྱི་ཚེས་12དེ་རང་འཇགས་ཡོང་སྲིད།”ཅེས་བརྗོད་སོང་།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས། དེ་ནི་བོད་ཀྱི་དེ་ཕོ་ཚེ་རིང་དུ་གནས་ཆེད་དང་། རྩོམ་ཡིག་གི་བདག་ཐོབ། དེ་བཞིན་ཀུན་སྤྱོད་བཅས་ཀྱི་གནད་དོན་ཡིན། བཀའ་དྲིན་ཆེ།

བོད་ཀྱི་དེ་ཕོ་གསར་ཁང་།