ཀིམ་ཇུང་ཨུན་དང་དངོས་སུ་ཐུག་པ། ལོ་རྒྱུས་གསར་པ།

0
1534
བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་དང་ལྷོ་ཀོ་རི་ཡའི་སྐུ་ཚབ་བདེ་སྲུང་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ཆུང་ཨུའེ་ཡོང་ཐུག་འཕྲད་བྱེད་བཞིན་པ། #In this Monday, March 5, 2018 photo, provided by the North Korean government on March 6, North Korean leader Kim Jong Un, left, shakes hands with South Korean National Security Director Chung Eui-yong in Pyongyang, North Korea.

བྱང་ཀོ་རི་ཡ། ཧྥོང་ཡན། སྤྱི་ལོ་2018ཟླ་3ཚེས་6ཉིན། ད་ལྟ་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་སི་ཨེན་ཨེན་(CNN)གསར་ཁང་ལ་སོགས་པས་གནས་ཚུལ་སྤེལ་བཞིན་པ་ནི། ཁ་སང་རེས་གཟའ་ཟླ་བའི་ཉིན་ལྷོ་ཀོ་རི་ཡའི་གཞུང་བདེ་སྲུང་ལྷན་ཁང་གི་འགན་འཛིན་སྐུ་ཞབས་ཆུང་ཨུའེ་ཡོང་(Chung Eui-yong)གཙོས་ཆེས་མཐོའི་གྲོས་མོལ་སྐུ་ཚབ་རྣམས་བྱང་ཀོ་རི་ཡའི་རྒྱལ་ས་ཧྥོང་ཡན་དུ་འབྱོར་ཡོད་པ་རེད། དེ་བཞིན་ད་ལན་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་དང་ཁོང་གི་ནང་མི་ལྷན་འཛོམས་ཀྱིས་ལྷོ་ཀོ་རི་ཡའི་སྐུ་ཚབ་རྣམས་ཐད་ཀར་ཕེབས་བསུ་དང་དགའ་སྤྲོའི་ཐུག་འཕྲད་གཟབ་རྒྱས་ཞུས་ཡོད་པར་བརྗོད། དེ་བཞིན་ཕྱོགས་གཉིས་ཀྱི་བར་དུ་གྲོས་མོལ་ཧ་ཅང་ལྷུག་པོ་བྱུང་ཡོད་པ་སོགས་ཀྱི་གནས་ཚུལ་དེ་རིང་རིམ་པས་ཕྱིར་བསྒྲགས་བྱེད་བཞིན་མཆིས།

དེ་ཡང་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ལྷན་བཞུགས་ཐོག་ཁ་སང་ཡུལ་དེ་གའི་ཕྱི་དྲོ་ཆུ་ཚོད་6:00ནས་དགོང་མོ་ཆུ་ཚོད་10:00མ་ཡོལ་བར་དུ། བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་དང་ལྷོ་ཀོ་རི་ཡའི་བདེ་སྲུང་འགན་འཛིན་གཙོ་བཞུགས་ཐོག་གྲོས་མོལ་ཧ་ཅང་ལྷུག་པོ་གནང་ཡོད་སྐོར་བརྗོད། ད་དུང་། དེ་རིང་ལྷོ་ཀོ་རི་ཡའི་གཞུང་ཕྱོགས་ནས་བརྗོད་དོན་ལྟར་ན།“ཁ་སང་གི་དུས་ཚོད་ནི་ངེད་ལྷོ་ཀོ་རི་ཡའི་སྐུ་ཚབ་ཀྱིས་བྱང་ཀོ་རི་ཡའི་གཞུང་འཛིན་ངལ་རྩོལ་ཆབ་སྲིད་ཚོགས་པའི་ལྷན་ཁང་དུ་གོམ་པ་སྤོས་པ་ཆེས་ཐོག་མ་དེ་ཉིད་ཆགས་ཀྱི་ཡོད།”ཅེས་བརྗོད་འདུག

ལྷོ་ཀོ་རི་ཡའི་གྲོས་མོལ་སྐུ་ཚབ་རྣམས་བྱང་ཀོ་རི་ཡར་ཐོན་ཁར་བླངས་པའི་འདྲ་པར། སྐུ་ཚབ་ཚོགས་པ་དེའི་ནང་གི་གཙོ་གནད་པ་ལྷོ་ཀོ་རི་ཡའི་བདེ་སྲུང་ལྷན་ཁང་གི་འགན་འཛིན་དང་། ལྷོ་ཀོ་རི་ཡ་གསང་བའི་ལྷན་ཁང་གི་འགན་འཛིན་ལ་སོགས་པ་མངགས་ཡོད་འདུག#Chung Eui-yong (center), head of the presidential National Security Office, Suh Hoon (second left), the chief of the South’s National Intelligence Service, and others pose before boarding an aircraft as they leave for Pyongyang at a military airport on Monday.

གོང་སྨྲོས་ལྟར་ད་ཐེངས་ཀིམ་ཇུང་ཨུན་ངོ་མས་ངོ་དང་ངོ་གཏུགས་ཏེ་ལྷོ་ཀོ་རི་ཡའི་སྐུ་ཚབ་ལ་སྐད་ཆ་བཤད་པ་ཐོག་མ་དེ་ཉིད་ཆགས་ཀྱི་ཡོད་པ་དང་། དེ་རིང་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་KCNAབརྒྱུད་ཁ་སང་གི་གྲོས་མོལ་དེ་ཉིད་ཐད་ལའང་འགྲེལ་བརྗོད་བྱས་གསལ།“ཐེངས་འདིའི་གྲོས་མོལ་ནི་ངེད་ཕན་ཚུན་ནང་མོལ་གྱི་སྙིང་གཏམ་ལྟ་བུར་གྱུར་ཞིང་། ལྷོ་བྱང་ཀོ་རི་ཡའི་བདེ་འཇགས་དང་ཀོ་རི་ཡའི་མཚོ་ཁུལ་གྱི་ཞི་བདེ་རྒྱུན་གནས་ཐུབ་རྒྱུའི་ཐད་ང་ཚོས་བགྲོ་གླེང་ལྷུག་པོ་བྱས་པ་ཡིན།”ཞེས་བརྗོད་འདུག དེའི་ཐོག་ལྷོ་ཀོ་རི་ཡའི་སྐུ་ཚབ་ཀྱིས་སྲིད་འཛིན་མུན་ཇེ་ཨིན་(Moon Jae-in)སྒེར་ངོས་ནས་བསྐུར་བའི་འཕྲིན་ཡིག་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་ལ་སྤྲད་ཡོད་པ་རེད་འདུག

འདི་ག་བོད་ཀྱི་དེ་ཕོ་གསར་ཁང་ནས་འབྲེལ་ཡོད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་གསལ། ཐེངས་འདིའི་གྲོས་མོལ་ཁྲོད་བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་སྤྲོ་སྣང་རབ་ཏུ་བརྟས་པར་མངོན་ཞིང་། དེ་རིང་བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་ཕྱིར་བསྒྲགས་བྱས་པའི་པར་རིས་དང་། གསོལ་སྟོན་སོགས་སུའང་ཕྱོགས་གཉིས་ཀྱི་དབུ་ཁྲིད་རྣམས་མཛུམ་གྱིས་ཁེངས་པར་གསལ་བཞིན་འདུག དེ་མཚུངས་རྒྱལ་སྤྱིའི་སེ་ཨེན་ཨེན་(CNN)གསར་ཁང་སོགས་ཀྱིས་འགྲེལ་བརྗོད་བྱས་དོན་ལྟར་ན།“ད་ལན་གྱི་གྲོས་མོལ་དེ་ནི་ཀོ་རི་ཡའི་མཚོ་ཁུལ་དུ་ཞི་བདེ་ལྷིང་འཇགས་བསྐྲུན་རྒྱུའི་སྟ་གོན་ལེགས་ཤོས་ཤིག་དང་། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་གྱིས་ཡུལ་གཉིས་མཐུན་འགྲིག་ཡོང་རྒྱུའི་འབད་བརྩོན་བྱས་པར་གྲུབ་འབྲས་བཟང་ཤོས་ཐོན་འགོ་ཚུགས་པ་རེད།”ཅེས་སོགས་བརྗོད་འདུག

བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གྱིས་གྲོས་མོལ་ཚོགས་འདུའི་ཐོག་དགའ་སྤྲོའི་ངང་ཞུགས་བཞིན་པའི་རྣམ་པ།#North Korean leader Kim Jong Un meets members of the special delegation of South Korea’s President in this photo released by North Korea’s Korean Central News Agency (KCNA) on March 6, 2018.

ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་ཡོན་སེ་(Yonsei University)གཙུག་ལག་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཇོན་(Prof. John Delury)ལགས་ཀྱིས་ཀིམ་ཇུང་ཨུན་གྱི་གཤིས་སྤྱོད་ཐད་འབྲེལ་བརྗོད་བྱས་དོན།“ཀིམ་ཇུང་ཨུན་ལ་མཚོན་ན་སྤྱི་ལོ་2011ལོར་སྲིད་དབང་འཛིན་འགོ་ཚུགས་པ་ནས་བཟུང་ད་བར་ཕྱིའི་དབུ་ཁྲིད་དང་ཐུག་འཕྲད་བྱ་རྒྱུར་རྩ་བ་ནས་དགའ་པོ་མེད་མཁན་ཞིག་རེད། ཁོང་རྒྱུན་དུ་རང་ཉིད་ཀྱི་ལྟ་བ་ནན་སྲུང་དང་ཁྱོན་ཡོངས་ནས་དོ་དམ་ཧ་ཅང་ཞིབ་ཚགས་པོ་བྱ་དགོས་མཁན་ཞིག་རེད། ད་ལན་ལྷོ་ཀོ་རི་ཡར་ཐུག་འཕྲད་བྱས་པ་ནི་བཟང་ཕྱོགས་ཀྱི་མཚོན་རྟགས་ཆེན་པོ་ཞིག་རེད་ལ། ཀིམ་ཇུང་ཨུན་དངོས་སུ་ཐུག་སྟེ་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཤིག་ཀྱང་ཐོབ་པ་རེད།”ཅེས་བརྗོད་འདུག

འདས་པའི་ལོ་ཤས་ནང་ཀིམ་ཇུང་ཨུན་གྱིས་ཨ་རི་དང་རྒྱ་ནག་གཉིས་ཀའི་ཆེས་མཐོའི་སྐུ་ཚབ་ཕྱིར་སློག་བཏང་ཡོད། འོན་ཀྱང་། ད་ལན་བཟང་ཕྱོགས་ཀྱི་འགྱུར་ལྡོག་དེའི་འོག་ན་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཇེ་ཨིན་དང་། བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གཉིས་ཕན་ཚུན་དངོས་སུ་ཐུག་འཕྲད་ཡོང་རྒྱུའི་ཐད་གསང་བའི་ངང་འབད་བརྩོན་བྱ་བཞིན་ཡོད་སྐོར་གླེང་བཞིན་འདུག དེ་ཡང་ཟླ་གོང་མའི་ནང་དུ་ཀིམ་ཇུང་ཨུན་གྱི་གཅུང་མོས་ལྷོ་ཀོ་རི་ཡའི་སྲིད་འཛིན་དངོས་སུ་བྱང་ཀོ་རི་ཡར་ཡོང་རྒྱུའི་མགྲོན་བརྡ་བཏང་ཡོད་པ་དང་། དེའི་ལན་ལྟ་བུར་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་ཀིམ་ཇུང་ཨུན་གྱི་གཅུང་མོ་དངོས་སུ་དགུན་དུས་ཨོ་རྩེད་མགྲན་བསྡུར་གྱི་མཛད་སྒོའི་སྐུ་མགྲོན་གཙོ་གྲས་སུ་ཕེབས་བསུ་ཞུས་ཡོད།

ཕྱོགས་གཉིས་ཀྱི་དབུ་ཁྲིད་ལྷན་བཞུགས་ཀྱི་གསོལ་སྟོན།#North Korean leader Kim Jong Un (center right) sits with a visiting South Korean delegation in Pyongyang and other high-level North Koreans.

མཐར་ད་ལན་ཀིམ་ཇུང་ཨུན་ངོ་མས་ལྷོ་ཀོ་རི་ཡའི་སྐུ་ཚབ་ལ་དགའ་སྤྲོའི་ངང་ནན་བརྗོད་བྱས་དོན།“ངས་ལྷོ་བྱང་ཀོ་རི་ཡ་ཆིག་སྒྲིལ་ཡོང་བ་བྱ་རྒྱུའི་ཐད་ལོ་རྒྱུས་གསར་པ་ཞིག་འབྲི་འདོད་ཡོད།”ཅེས་བརྗོད་ཡོད་པ་རེད་འདུག

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།