ཀིམ་ཇུང་ཨུན་གྱིས་ཨ་རིར་དམག་འཁྲུག་བསྒྲགས་གཏམ། ཉི་ཧོང་ལ་རྡུལ་མཚོན་གྱི་ཉེན་བརྡ།

0
4092
བྱང་ཀོ་རི་ཡས་ཨ་རིའི་དགྲ་ཟླ་གཞན་དང་མཉམ་འབྲེལ་བྱ་འཆར་ཡོད་པ་ནི་དོན་ཐོག་གོ་ལའི་ཆབ་སྲིད་དཀའ་རྙོག་གཞི་རྒྱ་ཆེ་རུ་འགྲོ་རྒྱུའི་ཕྱོགས་སུ་ཁ་ཕྱོགས་བཞིན་ཡོད་པར་མངོན།#North Korea decided to join force with numerous enemies of US. Also mentioned, America has been in power for too long now.

བྱང་ཀོ་རི་ཡ། ཧྥོང་ཡན། སྤྱི་ལོ་2017ཟླ་10ཚེས་4ཉིན། ད་ལྟ་ཆུ་ཚོད་འགའི་སྔོན་དུ་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་དཔལ་འབྱོར་དུས་བབ་གསར་ཁང་(Financial Times)ལ་སོགས་པས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་སྔོན་མའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐོག་ནས་འགོ་བཙུགས་ཏེ་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ཡིས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་ཚོགས་སྡེ་ཀུན་གྱིས་བྱང་ཀོ་རི་ཡར་ཚོང་འབྲེལ་དང་རོགས་སྐྱོར་གཅོད་དགོས་པའི་ཛ་དྲག་གི་རེ་འདུན་ཞུ་བཞིན་ཡོད་འདུག དེའི་ལན་དུ་དེ་རིང་རེས་གཟའ་ལྷག་པའི་ཉིན་བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་དམིགས་སུ་བཀར་ཏེ་ཉི་ཧོང་ལ་ཉེན་བརྡ་དྲག་པོ་བཏང་དོན།“སྐད་ཅིག་གཅིག་གི་ནང་དུ་ཉི་ཧོང་གི་ནམ་མཁར་རྡུལ་མཚོན་གྱི་དུ་ནག་འཁྲིགས་སུ་འཇུག་རྒྱུ་ཡིན།”ཞེས་བརྗོད་འདུག

ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ཡིས་ད་སྐབས་བྱང་ཀོ་རི་ཡའི་ཐོག་ཏུ་གནོན་ཤུགས་ཇེ་ཆེར་གཏོང་ཐབས་ལ་ཧུར་ཐག་ངང་འབད་བཞིན་ཡོད་པ་དང་། ཁོང་གིས་བརྗོད་དོན། “ང་ཚོས་ཐབས་ཤེས་ཡོད་ཚད་སྤྱད་དེ་བྱང་ཀོ་རི་ཡའི་རྡུལ་མཚོན་གྱི་ལས་གཞི་ཡོངས་སུ་གཙང་ཕྱགས་བྱེད་དུ་འཇུག་རྒྱུ་དང་ ། ད་དུང་། རྒྱང་སྐྱོད་འཕུར་མདའི་ལས་གྲྭ་ཡོངས་སུ་མཚམས་འཇོག་བྱ་རུ་འཇུག་ཐུབ་པ་དགོས། ད་སྐབས་གྲོས་མོལ་ལ་རེ་བ་བྱེད་པའི་དུས་ཚོད་དེ་ཉིད་ཡོལ་ཟིན་པ་རེད། ད་ནི་ང་ཚོས་བྱང་ཀོ་རི་ཡའི་ཐོག་ཕྱོགས་ཀུན་ནས་གནོན་ཤུགས་ཚབས་ཆེན་སྤྲོད་དགོས་པའི་དུས་རེད།”ཅེས་བརྗོད་འདུག

ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ཡིས་ཨ་རིའི་སྲིད་འཛིན་ཀྲམ་ཧྥིའི་ཐག་གཅོད་ཐོག་དུས་ཀུན་ཏུ་ལྷན་དུ་ཡོད་པར་བརྗོད་ཅིང་། བྱང་ཀོ་རི་ཡའི་ཐོག་རྒྱལ་སྤྱིའི་གནོན་ཤུགས་སྤྲོད་དགོས་པ་ལས་གྲོས་མོལ་ལ་རེ་བ་མེད་སྐོར་བརྗོད་བཞིན་འདུག#Shinzo Abe: We must make North Korea abandon all nuclear and ballistic missile programmes in a complete, verifiable and irreversible manner.

བྱང་ཀོ་རི་ཡའི་ཕྱོགས་ནས་ཉི་ཧོང་ལ་གནད་དོན་དེའི་ལན་འདེབས་བྱས་དོན།“ཤིན་ཛོ་ཨ་བྷེ་ཡིས་ཀོ་རི་ཡའི་མཚོ་གླིང་ཁུལ་གྱི་དཀའ་རྙོག་གནད་དོན་དེ་ཉིད་ཆབ་སྲིད་ལག་ཆར་བེད་སྤྱོད་བྱས་ཏེ། ཉི་ཧོང་རང་ཉིད་ཀྱི་དམག་སྟོབས་རྒྱ་སྐྱེད་བྱེད་པར་མཐུན་འགྱུར་འཚོལ་སྒྲུབ་བྱེད་པ་དང་། ཆབས་ཅིག་ད་ལྟའི་རུལ་སུངས་ཀྱི་སྲིད་གཞུང་གི་ཆབ་སྲིད་ནུས་སྟོབས་སྲ་བརྟན་བཟོ་རྒྱུར་འབད་བཞིན་ཡོད་པ་རེད།”ཅེས་བརྗོད། ད་དུང་མུ་མཐུད་བྱང་ཀོ་རི་ཡས་ཉི་ཧོང་གི་ཐོག་ཏུ་ནན་བརྗོད་བྱས་དོན། ”ཤིན་ཛོ་ཨ་བྷེའི་གཏིང་གནག་པའི་ཆབ་སྲིད་ངན་ཇུས་ཁ་གསལ་རེད། དེ་ནི་ཁོང་ཚོས་བདེ་སྲུང་གོ་མཚོན་གྱི་མ་དངུལ་ཕོན་ཆེན་སྤར་བཞིན་པ་དང་ལྷན་འོས་བསྡུ་སྔ་སྣུར་གྱི་འཆར་གཞི་བཏོན་པ་ལས་ཤེས་ཐུབ།”ཅེས་བརྗོད་འདུག

ཕྱོགས་གཞན་ནས་དེ་རིང་ཉིན་རྒྱབ་དབྱིན་ཡུལ་གྱི་ཉིན་རེའི་སྐར་འཕྲིན་(Daily Star UK)གསར་ཁང་དང་། དབྱིན་ཡུལ་གྱི་བང་ཆེན་(Express UK)གསར་ཁང་སོགས་རྒྱལ་སྤྱི་གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། འབྱུང་འགྱུར་བྱང་ཀོ་རི་ཡས་མུ་མཐུད་ཉི་ཧོང་གི་མཁའ་ཐོག་ནས་མེ་ཤུགས་འཕུར་མདའ་འཕང་སྲིད་པས། ཉི་ཧོང་གི་ངོས་ནས་འཕུར་མདའ་དེ་དག་ཉི་ཧོང་གི་ས་ཐོག་ཏུ་དམིགས་ནས་འཕེན་པ་ཞིག་ཡིན་ཚེ་ཡ་ལན་སྤྲོད་རྒྱུ་ལས། གཞན་མཁའ་ཐོག་ནས་འཕུར་མདའ་ཚོད་ལྟ་བྱས་པ་དག་ལ་ཁ་ཡ་བྱ་འཆར་མེད་སྐོར་བརྗོད་བཞིན་འདུག དེ་བཞིན་ཉི་ཧོང་གི་ངོས་ནས་མུ་མཐུད་བྱང་ཀོ་རི་ཡའི་ཕྱོགས་ནས་ཡོང་སྲིད་པའི་འཕུར་མདའ་དེ་དག་འགོག་འཆར་སོགས་ལ་འབད་བརྩོན་བྱ་འཆར་མེད་སྐོར་བརྗོད་འདུག

ཨ་རི་དང་ལྷོ་ཀོ་རི་ཡའི་གསང་བའི་ལྷན་ཁང་གིས་ཤེས་རྟོགས་བྱུང་གསལ་ལྟར་ན། འདས་པའི་ཉིན་ཤས་ནང་བྱང་ཀོ་རི་ཡས་འཕུར་མདའི་བཟོ་སྐྲུན་ས་ཁུལ་ནས་རྒྱལ་སའི་འཕུར་མདའ་འཕེན་ཚུགས་ཕྱོགས་སུ་འཕུར་མདའ་དུ་མ་ཞིག་དབོར་བཞིན་ཡོད་སྐོར་བརྗོད་འདུག#North Korea seen moving missiles from development center.

གནས་ཚུལ་དེའི་ཐད་ཉི་ཧོང་གི་མཐོ་རིམ་ཆབ་སྲིད་མི་སྣ་སྐུ་ཞབས་ཨོ་ནོ་རྡི་ར་(Itsunori Onodera)ཡིས་འགྲེལ་བརྗོད་བྱས་དོན། “ཉེ་བའི་ཆར་བྱང་ཀོ་རི་ཡའི་འཕུར་མདའ་ཁག་གཉིས་ཉི་ཧོང་གི་མཁའ་ཐོག་ནས་ཕྱིན་པ་རེད། ང་ཚོས་འཕུར་མདའ་གཉིས་ཀ་གཏོར་རྒོལ་དང་བཀག་སྡོམ་བྱས་མེད། དེ་ནི་ཁོང་ཚོས་འཕུར་མདའ་དེ་གཉིས་ཞི་བདེ་རྒྱ་མཚོའི་ནང་དུ་དམིགས་ནས་འཕངས་པ་ཞིག་ཡིན་པ་གསལ་པོ་ཆགས་ཡོད།”ཅེས་བརྗོད། ད་དུང་མུ་མཐུད་ཁོང་གིས་བརྗོད་དོན། “ཉི་ཧོང་ཙམ་མིན་པར་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་འཕུར་མདའ་གཏོར་རྒོལ་གཏོང་ཟེར་བ་ནི་དམག་འཐབ་འགོ་འཛུགས་བྱས་པ་གཉིས་མེད་ཆགས་ཀྱི་ཡོད།”ཅེས་བརྗོད་འདུག

ཀིམ་ཇུང་ཨུན་ངོ་མས་ཨ་རིར་
ཉེན་བརྡ་ཚབས་ཆེན།

ད་སྐབས་རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་འབྲེལ་བཀག་སྡོམ་ཉེས་ཆད་དེས་བྱང་ཀོ་རི་ཡར་ཁོང་ཁྲོ་ཤུགས་ཆེན་བསླངས་ཡོད་པར་མངོན་ཞིང་། ཁ་སང་ཡུལ་དེ་གའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་ངོ་མས་ཡུལ་དེ་གའི་མཐོ་རིམ་འདུ་འཛོམས་རྒྱས་པ་ཞིག་གི་ཐོག་ཏུ་ཨ་རིར་དམིགས་ནས་དམག་འཁྲུག་གི་ཉེན་བརྡ་དྲག་པོ་གཏོང་བཞིན་ཡོད་པའི་སྐར་མ་2.7ཅན་པའི་བརྙན་ཐུང་གནས་ཚུལ་ཐོན་བཞིན་འདུག  དེ་ཡང་འདི་ག་བོད་ཀྱི་དེ་ཕོ་གསར་ཁང་ནས་བརྙན་པར་དེའི་ནང་དུ་བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇུང་ཨུན་གྱིས་སྐད་ཆ་ཅི་བཤད་དབྱིན་ཡིག་སྐད་སྒྱུར་ལ་གཞི་བཅོལ་ཏེ་ཐད་ཀར་ཡིག་ཕབ་ཞུས་ཡོད།

བྱང་ཀོ་རི་ཡའི་རྒྱང་སྐྱོད་འཕུར་མདའི་སྙོབ་ཚད་ཚོད་རྩིས།#Estimated Range of North Korean’s Missiles.

ཀིམ་ཇུང་ཨུན་གྱིས་ཧ་ཅང་ནན་ཚུགས་ཀྱིས་བརྗོད་དོན།“ཉེ་བའི་ཆར་ཨ་རིའི་དམག་གི་བྱེད་རྒྱུ་ཧ་ཅང་མང་དྲགས་ཏེ་ང་ཚོའི་དམར་ཐིག་གི་མཚམས་ལས་བརྒལ་བཞིན་འདུག  དེ་ནི་ང་ཚོའི་ཐོག་ཏུ་དམག་འཁྲུག་བྱ་འདོད་པའི་ཁྱབ་བསྒྲགས་གསལ་པོ་ཞིག་རེད། འདས་པའི་ནང་ང་ཚོས་རང་རྒྱལ་ནས་ཨ་རིའི་སོ་མྱུལ་འཛིན་བཟུང་བྱས་པ་ཡང་བྱུང་ཡོད། ཕྱིས་སུ་ད་ལན་གྱི་རྙོག་གླེང་དེའི་མཇུག་འབྲས་ཡོངས་སུ་ཨ་རིའི་ནོར་འཁྲུལ་ཡིན་པ་ཤེས་དགོས། ང་ཚོས་ད་བར་དུས་ཡུན་ཧ་ཅང་རིང་པོ་བསྒུགས་པ་ཡིན། ད་སྐབས་ང་ཚོས་ཐག་གཅོད་ཟིན་པ་ནི་ཨ་རིའི་དགྲ་བོ་མང་པོ་ཞིག་གི་སྟོབས་ཤུགས་དང་ལྷན་དུ་མཉམ་འབྲེལ་བྱ་རྒྱུ་དེ་ཡིན། དངོས་གནས་འཛམ་གླིང་ནང་ཨ་རིའི་དབང་ཤུགས་ཧ་ཅང་ཡུན་རིང་དྲགས་སོང་།”ཞེས་བརྗོད་སོང་།

མུ་མཐུད་ཁོང་གིས་ཨ་རིའི་བྱེད་སྟངས་ཐད་ནན་བརྗོད་དོན། “ཁོང་ཚོས་ཁ་ནས་ཞི་བདེ་དགོས་ཟེར་གྱི་ཡོད་པ་རེད། དོན་དངོས་ཐོག་ཁོང་ཚོས་རྒྱལ་ཁབ་གཞན་གྱིས་རང་སྲུང་ཆེད་མཚོན་ཆ་གྲ་སྒྲིག་བྱེད་པ་མཐོང་འདོད་མེད་པ་རེད། ད་སྐབས་ཁོང་ཚོའི་དུས་ཚོད་དེ་ཉིད་ཡོལ་ཟིན་པ་རེད། ང་ཚོས་འཛམ་གླིང་འཕོ་འགྱུར་ཤུགས་ཆེན་བཏང་སྟེ། ཐམས་ཅད་ཀྱི་ཆེད་དུ་ཨ་རི་གོ་ལའི་དབང་འཛིན་པའི་ཁྲི་ཐོག་ནས་གཡུག་རྒྱུ་ཡིན། དེ་ལས་ཨ་རིས་ཡག་ཐོག་སྤམ་ཐོག་ཏུ་བྱང་ཀོ་རི་ཡའི་ཐོག་དབང་ཤུགས་ངོམ་རྒྱུ་དེ་ཉིད་ཕྱིར་འཐེན་བྱས་ན་དགའ་གི་རེད། ངས་མེས་པོ་གོང་མ་ཡོངས་སུ་དཔང་པོར་བཙུགས་ནས་ནན་བཤད་བྱེད་རྒྱུར། སུས་ཨ་རི་དང་ལྷན་དུ་ང་ཚོར་རྒོལ་རྩིས་བྱས་ཀྱང་ཐམས་ཅད་ཨ་རི་དང་ལྷན་དུ་འགྱེལ་རྒྱུ་རེད། དྲག་རྒོལ་དེ་ཉིད་གང་མགྱོགས་ཡོད། ང་ཚོས་སྒུག་ནས་སྡོད་རྩིས་མེད།”ཅེས་བརྗོད་སོང་།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ། ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།