ཀིམ་གྱིས་ཀྲམ་ཧྥི་དང་ཐུག་འཕྲད་ཕྱིར་འཐེན་བྱ་རྒྱུའི་འཇིགས་སྐུལ། ཐད་སྤེལ།

0
1587

བྱང་ཀོ་རི་ཡ། ཧྥོང་ཡན། སྤྱི་ལོ་2018ཟླ་5ཚེས་16ཉིན། ད་ལྟ་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་ཆེ་གྲས་NDTVསོགས་ཀྱིས་ཐད་སྟོན་གནས་ཚུལ་སྤེལ་བཞིན་པ་ནི། དེ་རིང་རེས་གཟའ་ལྷག་པའི་ཉིན་དེ་སྔའི་ཁ་ཆད་བཞིན་ལྷོ་བྱང་ཀོ་རི་ཡའི་བར་དུ་མཐོ་རིམ་དབུ་ཁྲིད་ཐུག་འཕྲད་བྱ་རྒྱུ་དེ་ཉིད་བྱང་ཀོ་རི་ཡས་ཕྱིར་འཐེན་བྱས་པའི་གནས་ཚུལ་ཐོན་ཞིང་། འདི་ག་བོད་ཀྱི་དེ་ཕོ་གསར་ཁང་ནས་བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་KCNAཡིས་ཐད་ཀར་གསལ་བཤད་བྱས་པའི་གནས་ཚུལ་ལ་ཞིབ་ལྟ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་གསལ། བྱང་ཀོ་རི་ཡའི་ཆེས་མཐོའི་དབུ་ཁྲིད་ཀིམ་ཇུང་ཨུན་གྱི་ལས་ཁུངས་ནས་གསལ་བརྗོད་བྱ་རྒྱུར།“དེ་རིང་ལྷོ་ཀོ་རི་ཡ་དང་ཐུག་འཕྲད་བྱ་རྒྱུའི་འཆར་གཞི་ཕྱིར་འཐེན་བྱས་ཟིན་པ་ཡིན། གལ་སྲིད་ཨ་རིའི་སྲིད་འཛིན་ཀྲམ་ཧྤི་ཡིས་ངེད་བྱང་ཀོ་རི་ཡ་ཁོ་ནས་རྡུལ་མཚོན་ལས་གྲྭ་མཚམས་འཇོག་དགོས་པ་སོགས་ཕྱོགས་རྐྱང་པའི་ཐོག་ནན་བཤད་བྱ་རྒྱུར་འཐམ་བསྡད་ན། ང་ཚོས་ཁོང་དང་ཐུག་འཕྲད་ཀྱི་འཆར་གཞི་དེ་ཉིད་ཐད་བསྐྱར་དུ་བསམ་བློ་གཏོང་གི་ཡིན།”ཞེས་བརྗོད་འདུག

ད་ལྟའི་གནས་ཚུལ་དེ་ཉིད་ཐོན་རྗེས་སྐབས་དོན་འབྲེལ་ཡོད་རྒྱལ་ཁབ་ཚང་མ་ཅུང་ཟང་ཟིང་གྱུར་ཞིང་། འདས་པའི་ཟླ་ཤས་རིང་གི་བཟང་ཕྱོགས་ཀྱི་རྨི་ལམ་ཐམས་ཅད་ཀྱང་གློ་བུར་དུ་ཡལ་བར་དོགས་པའི་གནས་སྟངས་སུ་བསྐྱལ་སྐོར་གླེང་བཞིན་འདུག  དེ་བཞིན་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་ཀིམ་ཡེ་ཝན་(Kim kye Gwan)ལགས་ཀྱིས་བརྗོད་དོན།“གལ་སྲིད་ཨ་རིས་ང་ཚོ་ཁོ་ནས་རྡུལ་མཚོན་རྩ་མེད་བཟོ་དགོས་ཞེས་ཧ་ཅང་ཟུར་དུ་བཀར་རྒྱུ་མང་དྲགས་ན། དེ་ནི་ཁས་ལེན་བྱ་ཐབས་བྲལ་བའི་ཆ་རྐྱེན་ཞིག་ཆགས་ཀྱི་ཡོད། ང་ཚོ་ཡང་གནས་སྟངས་དེ་འདྲའི་འོག་ནས་ཨ་རི་དང་གྲོས་མོལ་བྱ་རྒྱུའི་བསམ་བློ་གཏོང་འདོད་མི་འདུག འོན་ཀྱང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ཆེད་ང་ཚོས་གནས་ཚུལ་དེའི་ཐད་བསྐྱར་ཞིབ་བྱ་འདོད་འདུག”ཅེས་བརྗོད་འདུག

ལི་བྷི་ཡའི་རྡུལ་མཚོན་གཙང་སེལ་གྱི་བརྒྱུད་རིམ་གནས་ཚུལ་དེ་ཉིད་ད་ལྟ་ཨ་བྱང་གཉིས་ཀྱི་འབྲེལ་ལམ་གསར་པ་དེའི་ཐད་རྙོག་འཛིང་བཟོ་རྒྱུའི་ལུང་འདྲེན་དུ་གྱུར་འདུག#North Korea’s Central News Agency also announced it had already canceled high-level talks with South Korean counterparts because of the drills it considers rehearsals for an invasion of the North.

ཕྱོགས་གཞན་ནས་བྱང་ཀོ་ར་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀིམ་ལགས་ཀྱིས་ཨ་རིའི་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཇོན་བྷོལ་ཊོན་(John Bolton)གྱི་སྐད་ཆར་སྐྱོན་བརྗོད་བྱས་ཤིང་། དེ་ནི་ཨ་རིའི་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཇོན་ལགས་ཀྱིས་བྱང་ཀོ་རི་ཡས་གློ་བུར་དུ་རྡུལ་མཚོན་གཙང་སེལ་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་ནི་གཡོ་རྫུ་ཡིན་པ་དང་། དེ་ནི་ལི་བྷི་ཡས་རྡུལ་མཚོན་གཙང་སེལ་བྱ་རྒྱུའི་ཁས་ལེན་བྱས་པ་ལྟར་མེ་ལོང་ངོས་ནས་མཐོང་གི་འདུག་ཅེས་བརྗོད་འདུག འདི་ག་བོད་ཀྱི་དེ་ཕོ་གསར་ཁང་ནས་གནད་དོན་དེའི་ཐད་བསྐྱར་ཞིབ་བྱས་པ་ལྟར་ན། ལི་བྷི་ཡས་སྤྱི་ལོ་2003ཟླ་12ཚེས་19ཉིན་དང་བླངས་ངང་ཡུལ་དེ་གའི་རྡུལ་མཚོན་ལས་གཞི་ཡོད་ཚད་གཙང་སེལ་བྱ་རྒྱུའི་ཁས་ལེན་བྱས་ཀྱང་། མཐར་སྤྱི་ལོ་2017ཟླ་11ནང་གཞི་ནས་རྡུལ་མཚོན་གཙང་སེལ་གྱི་ལས་གཞི་ཡོངས་སུ་མཇུག་སྒྲིལ་ཐུབ་ཙམ་བྱུང་ཡོད། དེ་ལྟར་ན་ལི་བྷི་ཡས་ཁྱོན་རྡུལ་མཚོན་གཙང་སེལ་བྱ་རྒྱུར་ལོ་ངོ་14འགོར་ཡོད་པ་དང་། དུས་ཡུན་དེའི་རིང་གསལ་ཁ་དེ་ཙམ་མེད་པའི་རྡུལ་མཚོན་འཚོང་འགྱུར་སོགས་ཀྱི་གནས་ཚུལ་རིམ་པས་བྱུང་བའི་ལོ་རྒྱུས་གསལ།

སྤྱིར་ད་ལྟའི་ཨ་རིའི་བདེ་སྲུང་སློབ་སྟོན་པ་སྐུ་ཞབས་ཇོན་བྷོལ་ཊོན་དེ་སྔོན་སྲིད་འཛིན་ཟུར་པ་བྷུ་ཤིའི་མངའ་འོག་ཏུ་ལས་ཀ་བྱེད་སྐབས། བྱང་ཀོ་རི་ཡ་དང་གདོང་ཐུག་རིམ་པས་བྱུང་མྱོང་ཡོད་ཅིང་། བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་ཁོང་ལ་མིའི་ནང་གི་གད་སྙིགས་དང་། ཟུངས་ཁྲག་འཇིབ་མཁན་གྱི་སྲིན་བུ་སོགས་བརྗོད་མྱོང་ཡོད་འདུག གང་ལྟར་ཉིན་ཤས་སྔོན་ཨ་རིའི་རྒྱལ་སྲིད་དྲུང་ཆེའི་ངོས་ནས་གསལ་བརྗོད་བྱ་རྒྱུར།“གལ་སྲིད་བྱང་ཀོ་རི་ཡས་རྡུལ་མཚོན་ལས་གཞི་ཡོངས་སུ་མཚམས་འཇོག་དང་འཆར་གཞི་བཞིན་རྡུལ་མཚོན་གཙང་སེལ་དངོས་སུ་བྱས་ཚེ་ང་ཚོས་བྱང་ཀོ་རི་ཡའི་ཐོག་བཀལ་བའི་རྒྱལ་སྤྱིའི་ཉེས་ཆད་ཡོངས་སུ་ཕྱིར་བསྡུ་བྱ་རྒྱུ་ཡིན་”ཞེས་བརྗོད་འདུག མཐར་དེ་སྔའི་གསལ་བསྒྲགས་ལྟར་ན་བྱང་ཀོ་རི་ཡས་བདུན་ཕྲག་རྗེས་མ་ནས་འགོ་འཛུགས་བྱས་ཏེ་རྡུལ་མཚོན་གཙང་སེལ་གྱི་ལས་གཞི་འགོ་རྩོམ་འཆར་ཡོད་པ་རེད།

©བོད་ཀྱི་དེ་ཕོའི་དྲ་བའི་ཐོག་ནས་གསར་འགྱུར་དང་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་(ཡོང་ཁུངས། བོད་ཀྱི་དེ་ཕོ་གསར་ཁང་།)ཞེས་འགོད་དགོས། དེ་ནི་སྒེར་གྱི་གཤིས་སྤྱོད་ཀྱི་གནད་དོན། ཤེས་ཡོན་གྱི་ཆུ་ཚད། རྩོམ་ཡིག་གི་བདག་ཐོབ།ཁྲིམས་ལུགས་ཀྱི་གནད་དོན་བཅས་ཡིན། 

བོད་ཀྱི་དེ་ཕོ་གསར་ཁང་།